རང་གི་བདག་པོར་བླངས་པའི་གླུ།༼བཅད་མ༽

ལུས་ཀྱི་མཁར་རྫོང་འདི་ཁྱོད་ཀྱི་འདོད་བློ་བཞིན་བརྩིགས་ནས་ཡུན་རིང་འགོར་རྗེས༌།།
མི་གཙང་དྲི་མ་ཉིད་ཟེར་ནས་ཕྱི་རུ་བཤིགས་པའི་ཐབས་ཤིག་ང་ལ་གཏན་ནས་མི་འདུག།
གློ་སྙིང་རྩིབས་མ་དང་བཅས་པ་དགོས་འདོད་དཔུང་འཇོམས་ཀྱི་ཚུལ་དུ་གཅེས་པར་ཉར་ནས།།
ཉིན་མཚན་དུས་དྲུག་ཏུ་བདེ་སྣང་ཐུན་གཅིག་ལ་སྒོམ་པའི་སྐལ་བཟང་ཡང་ཡང་སྒུག་དགོས་བྱུང་སོང༌།།

ཕྱི་ཡི་སྣང་བ་ཡི་དབང་དུ་ནམ་མཁའ་སྔོ་བསང་འདིའི་རྒྱ་ཁྱོན་ཆེ་ཙམ་འདུག་ཀྱང༌།།
ནང་གི་སེམས་པ་ལ་བརྟག་ཚེ་དེ་ཡང་ཁབ་ཀྱི་བུ་ག་རུ་ཚུད་ཙམ་གདའ་སྟེ།།
ཁྱོད་ཀྱི་ཞལ་ངོའི་དཀར་ནག་ཉིད་འཚོས་ནས་མི་ཚེ་ཟེར་བའི་སྙིང་བོ་བཙལ་ནས་སོང་ཡང༌།།
མུན་པ་རྒྱ་ཆེར་འཐིབས་དུས་ཁྱོད་ཀྱང་རང་མདངས་ཡལ་ནས་རྙེད་པར་དཀའ་བས་གཞན་དག་ཅི་ཆ།།

འཇའ་ཚོན་ཁ་དོག་གིས་མཛེས་པ་དེ་བཞིན་ཁྱོད་ཀྱང་ཆོས་ཉིད་ཀྱིས་སྒེག་ཅིང༌།།
འདོད་པའི་བརླ་ཤ་ཆུ་ཤིང་བཞིན་རླུང་བུའི་འོག་ཏུ་ཕར་གཡོ་ཚུར་གཡོ་བྱེད་པའི་མོད་ལ།།
ང་ཡི་ལུས་པོ་རྟ་མཆོག་རྒོད་པོ་བཞིན་ཀུན་སྤྱོད་ཀྱི་སྒ་སྲབ་སྟན་གསུམ་ལས་ཤོར་ཀྱང༌།།
མི་ཆོས་ལས་འདས་པའི་རི་སྤྱང་དར་མ་ཞིག་ལ་སྤྲུལ་ནས་ཁྱོད་ཉིད་ཤ་རུས་སོ་སོར་ཕྲལ་ཡང་སྲིད་དོ།།

དེང་ཐོག་ང་ནི་མེ་ཏོག་གི་ཐེའུ་ཞིག་ལྟར་ཡུམ་གྱི་མངལ་ན་བདེ་བར་འཚོ་ཞིང་གཞིས་ལ།།
ཕྲ་ཞིབ་རླུང་གི་རྡུལ་རྣམས་བསགས་ནས་དུས་ལ་རན་ཚེ་འདབ་མ་ཕྱེ་བར་བརྩམས་མོད།།
འོན་ཀྱང་ཁྱོད་ཀྱིས་སྟོབས་ཆེན་འགའ་ཞིག་གྲོགས་སུ་བཀུགས་ནས་ང་རང་གཅེར་བུར་ཕྱི་རུ་ཕྱུངས་ཤིང༌།།
རྩུབ་ཅིང་རགས་ལ་གཟན་ཞིང་ཆེ་བའི་ཆོས་རྣམས་ཀུན་ལ་བཙན་གྱིས་གོམས་སུ་བཅུག་སོང༌།།

ད་ལྟ་ང་ནི་ཤེས་བས་དབུལ་ཞིང་འབྱོར་བས་ཉེན་པས་ཕྱོགས་མཚམས་ཀུན་ཏུ་སློང་མོར་སོང་ཡང༌།།
ཉི་ཟེར་ཕྲ་མོས་ཤ་སྐྱིའི་ཕྱི་ནང་ཡོངས་སུ་བརྟོལ་ནས་དྲ་ཕད་ཅིག་གི་དབྱིབས་སུ་བསྒྱུར་ཞིང༌།།
རྣོ་ལྕགས་ངར་བའི་ཚ་གདུག་དྲག་པོས་ཁྲག་དང་རྩ་རྒྱུས་མ་ཟད་སེམས་ཀྱང་སྐེམ་པར་བྱས་ནས།།
གང་དུ་སླེབས་ཀྱང་དེ་ནས་འབྲོ་བའི་རི་དྭགས་རྨས་མ་ཞིག་དང་གཉིས་སུ་མེད་པར་བཟོས་འདུག།

ནམ་ཞིག་སྒྱུ་མ་མཁན་པོས་ཉི་མའི་དཀྱིལ་འཁོར་ཕྱོགས་སུ་རས་ཡོལ་ནག་པོ་ཁ་ཤས་འཕངས་ནས།།
ང་ཡི་སེམས་ལས་ཁྱོད་ཉིད་བོར་ཞིང་ཁྱོད་ཀྱི་མིག་ལས་ང་ཡང་བོར་ཏེ་རང་ཅག་ཕན་ཚུན་སོ་སོར་གྱེས་ནས།།
རྫས་ཀྱི་ཆོ་འཕྲུལ་འདི་ཉིད་སྟོང་བའི་དབྱིངས་སུ་འཇིག་སྟེ་རོལ་རྩེད་གཞན་ཞིག་རྩེ་བར་བརྩམས་ཚེ།།
ང་ནི་རང་གི་རྨས་སྐྱོན་ཐེབས་པའི་རྣམ་ཤེས་ཁུར་ནས་སླར་ཡང་ཁྱོད་ཀྱི་མདུན་དུ་ཐེངས་གཅིག་འོང་སྲིད།།

ང་ཡི་རྒྱབ་རིའི་རྩེ་མོར་ཁྱོད་ཀྱི་འདོད་ཧམ་མཚོན་པའི་རས་དར་ཡུག་གཅིག་ལྷབ་ལྷུབ་གཡོ་བ་དེ་བཞིན་དུ།།
ང་ཡི་གོང་བའི་ངོས་སུའང་ལྕགས་ཀྱིས་བཟོས་པའི་ཁྱོད་ཀྱི་འདྲ་སྐུ་སོར་མོ་གང་ཙམ་བཀལ་ཡོད།།
ང་ཡི་ལུས་ལ་གོ་ཁྲབ་བསྒོས་ཤིང་ང་ཡི་ལག་ལ་མེ་མདའ་ཐོགས་པའང་ཁྱོད་ཀྱི་སྐུ་སྲོག་སྲུང་ཕྱིར་ལགས་ན།།
ང་ཡིས་ཁང་བའི་དཀར་ཁུང་ནང་ནས་ཅི་ཙམ་བལྟས་ཀྱང་ཁྱོད་ཉིད་མི་མཐོང་དོན་ཅི་ཡིན་ནམ།།

དུས་ཚོད་ཀྱི་མལ་ཁྲི་ཆེན་པོ་འདི་རེས་འགར་འཇམ་ཞིང་རེས་འགར་རྩུབ་ནས་འབར་འབུར་དོད་ལ།།
རེས་འགར་ཁྱོད་ཀྱིས་ཀུ་རེ་རྩེ་ཕྱིར་གདངས་པའི་ཁ་ཆེན་པོ་དེའི་ནང་དུ་ལྷུང་གིན་འདུག།
ཁྱོད་ཀྱི་རང་གི་བྲན་དུ་འཁོལ་བ་ཡོད་ཚད་ཚོར་བ་མེད་པར་བརྒྱལ་ནས་ཡོད་པར་སྣང་མོད།།
ང་ཡིས་དོན་མེད་དུ་རྨིས་པའི་རྨི་ལམ་དེ་དག་གི་གདུག་རྩུབ་ཅུང་ཙམ་ཡང་བཟོད་པར་དཀའ་འདུག།

སྐྱེས་ཆེན་གང་རུང་གི་འདས་མཆོད་ཡིན་འདྲའི་ཁ་བ་ཆེན་པོ་དེའི་ནང་ནས།།
ཁྱོད་ཀྱིས་བུ་ཡུག་དང་རླུང་འཚུབ་ལ་བརྟེན་ནས་ཟློས་གར་ཁང་ཆེན་པོ་ཞིག་བཟོས་ཤིང༌།།
གྲང་ངར་གྱི་འཇིགས་པ་ཞེས་པའི་འཁྲབ་ཚན་རིང་བོ་དེ་འཁྲབ་ཀྱང༌།།
ང་ཡིས་ཁ་བའི་འདབ་མ་རེ་གཉིས་ལག་མཐིལ་ནས་བཞུ་བ་ལས་ཅི་ཡང་མ་མཐོང༌།།

ཁྱོད་ཀྱི་སྐུ་བཅར་བ་ཁ་ཤས་དུ་སྨུག་ལང་ལོང་གི་ཁྲོད་ན་འདུར་རྒྱུགས་ལ་བྲེལ་ཞིང༌།།
གློ་ལུ་དྲག་པོ་རྒྱག་བཞིན་མཆིལ་ཞགས་ཆེན་པོ་རེ་ང་ཡི་ཕྱོགས་སུ་འཕེན་གྱི་འདུག།
ཁོ་ཚོས་ཕྱོགས་སོ་སོ་ནས་ཁྱོད་ཀྱི་གམ་དུ་དབོར་བཞིན་པའི་རྒྱུ་ནོར་དེ་དག་གིས།།
ཁོ་ཚོའི་ལུས་ཀྱི་སྐྱི་ལྤགས་མ་ཟད་བྲང་དང་སོག་པའང་ནག་པོར་བསྒྱུར་འདུག།

གཅིག་བྱས་ན་ང་ཡིས་གཞན་ལ་ངོམ་པར་འདོད་དེ་བཙལ་ཀྱང་མ་རྙེད་པའི་རིན་པོ་ཆེ་དེ་དག།
ཁྱོད་ཀྱི་ལོངས་སུ་མ་སྤྱད་པར་མཛོད་ཁང་ནས་རུལ་ཏུ་བཅུག་པའི་འབྲུ་རིགས་སྒྱེ་མོ་ཁ་ཤས་ཡིན་སྲིད་ལ།།
མཛོད་ཁང་དེ་ཡི་སྒོ་ནས་བཙས་ཟིན་ཏེ་འབྱེད་པར་མི་བཏུབ་པའི་ཟྭ་མཁྲེགས་པོ་དེ་ནི།།
ཁྱོད་ཀྱི་གཡོ་ཁྲམ་དང་སེར་སྣའི་དབང་དུ་གྱུར་བའི་སེམས་པ་ལྡོག་པོ་དེའི་མཚོན་བྱེད་ཡིན་ངེས།།

གངས་རི་དཀར་བོ་ཞིག་མཆོད་མེ་རྐོང་བུ་གང་གི་ཚུལ་གྱིས་ས་ཆེན་པོའི་སྙིང་ཁ་ནས་ཡུན་རིང་འབར་རྗེས།།
དེ་ཡི་ཕྱོགས་མཚམས་ཀུན་བསྐོར་བའི་གཙང་ཆུ་དང་རི་རབ་ལ་ངལ་དུབ་ཀྱི་ཉམས་ཤིག་ཤར་འདུག།
ཟུངས་ཁྲག་ཟད་པའི་རྒན་པོ་ཞིག་གིས་ཆེས་མཐའ་མའི་དབུགས་དེ་ཐ་མག་ཁ་གང་དང་མཉམ་དུ་བླངས་པ་མཐོང་རྗེས།།
གངས་རི་དེའི་རྩེ་མོར་ནག་ཐིགས་གྲངས་མེད་པ་བབས་པ་དེའི་རྒྱུ་རྐྱེན་ཡང་ཞིབ་ཏུ་རྟོགས་འགྲོ།།

ཁྱོད་ནི་བསླུ་བྲིད་ལ་མཁས་པས་ཐང་སྟོང་དུ་གླ་བ་དག་ཁེར་རྒྱུགས་བྱེད་དུ་འཇུག་པར་སྤྲོ་ཞིང༌།།
ང་ནི་རྒྱལ་ཁ་དང་འཐོབ་སེམས་ཀྱིས་མྱོས་པས་མདའ་གཞུ་ཐོགས་ནས་དེ་ཡི་རྗེས་འདེད་པར་མོས།།
གལ་སྲིད་ནགས་ཚལ་མཐུག་པོའི་ཀློང་ནས་ཆུ་བུམ་ཐོགས་པའི་བུ་མོ་ཞིག་དང་འཕྲད་སྲིད་ན།།
ང་ཡིས་སྲིད་པའི་ཐང་ཆེན་འདི་ནས་ཚེགས་ཆེན་པོ་མ་མྱོང་བར་ཁྱོད་ཀྱི་ཞལ་ཐེངས་གཅིག་ལ་མཇལ་བ་མིན་ནམ།།

ཝ་མོ་དམར་ཆུང་ཞིག་འཁྱག་རོམ་གྱི་ཐང་སྟོང་དེ་ནས་གློག་དམར་འཚུབ་པ་བཞིན་འདུར་ཤུལ་ནས།།
ང་རང་འབྲོང་གཡག་ཤི་བའི་རོ་ཁ་ཤས་བསྲུངས་ནས་དེ་ཀ་ནས་ཡུན་རིང་ལུས་སོང༌།།
ང་ལ་ཡིན་མདོག་གིས་འདས་པའི་ལོ་རྒྱུས་སྐོར་ལ་འགྲེལ་བཤད་རྒྱག་བྱེད་ཀྱི་སྨྲ་ལྕེ་མཉེན་པོ་ནི་མེད་དེ།།
ང་ནི་སྐྱེ་བོ་གང་རུང་གི་ཤ་རུས་དག་སོ་སོར་འཐོར་ཤུལ་ཏུ་ལྷག་པའི་འབུད་མཁན་མེད་པའི་རྐང་གླིང་ཞིག་ཡིན།།

རྐང་གླིང་དེའི་སྦུབས་སུ་རྐང་ལག་མང་བའི་འབུ་སྲིན་འགས་ཚང་མལ་བཅས་ཡོད་པ་ཡིན་ན།།
ཁྱོད་ཀྱིས་དེ་ཉིད་རྩེད་མོ་སྣ་ཚོགས་ལ་གོམས་པའི་བུ་ཕྲུག་ཅིག་ལ་མི་སྦྱིན་པར་ཞུ་སྟེ།།
ནང་གི་ནམ་མཁའ་གཙང་མ་ཙམ་ཡོང་ཕྱིར་དེ་དག་ཕྱི་རོལ་ཏུ་སྤྱུགས་ཚེ།།
ཕྱི་ཡི་ནམ་མཁའ་སྐད་ཅིག་རིང་ལྗན་ལྗིན་གྱིས་དྲི་མས་ཁྱབ་མི་འོངས་པ་ག་ལ་སྲིད་དོ།།
           ༢༠༠༣ ༡༢ ༣

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།