བོད་ཀྱི་ཀློག་མཁན་འགའ་ཞིག་གི་རང་གཟུགས།༼ལྷུག་རྩོམ༽

   བཟི་སྨན་འཐུང་སྟེ་མགོ་བོ་འཐོམས་པར་གྱུར་ཡོད་པ་འདྲ་བའི་ཀློག་མཁན་འགའ་ཞིག་ནི་རང་གིས་མ་ཤེས་པ་གཞན་གྱིས་མགོར་འགེལ་བར་གོམས་ཡོད་དེ། ཁོ་ཚོས་རང་གི་མ་རིག་པའི་རྨ་ཁ་ཆེན་པོ་དེ་སྦེད་ཕྱིར་དེ་ཉིད་རྫུན་དང་ཕྲ་མའི་རས་ཐུམ་གྱིས་དམ་པོར་དཀྲི་རྒྱུར་འཛེམ་བག་སྤུ་ཙམ་མེད་པ་རེད། མི་དེ་ཚོས་དོན་དུ༼རྩོམ་རིག་གི་རྨང་གཞིའི་ཤེས་བྱ༽ལྟ་བུའི་དེབ་ཅིག་ཀྱང་ཁོང་དུ་ཆུད་མེད་མོད་རང་གི་རྩོམ་རིག་གི་རྣམ་ཤེས་སྤྱང་པོ་ཡིན་ཚུལ་དང་། རྩོམ་རིག་གི་རྟོག་པ་མཐོན་པོར་བསླེབས་ཡོད་ཚུལ། འཛམ་གླིང་གི་གྲགས་རྩོམ་མང་པོ་བཀླགས་ཡོད་པའི་བཟོ་ལྟ་སྟོན་ལ་དེར་བརྟེན་ནས་རང་གི་མཐའ་འཁོར་གྱི་མི་མང་པོ་ཞིག་ལ་མགོ་བོ་སྐོར་བའི་སྦྱོར་བའང་རྩོམ་གྱི་ཡོད། མདོར་དེད་ན་སྒྱུ་རྩལ་ལམ་རྩོམ་རིག་ནི་མི་དེ་ཚོའི་སེམས་ཀྱི་ནོངས་པ་སྐོང་བྱེད་ཅིག་གམ་སྐབས་ཤིག་རྩེད་སྤྱད་ལས་མ་འདས་མོད་ཁོ་ཚོས་ཅི་ཞིག་རྟོགས་ཡོད་པའི་ཚུལ་གྱིས་ནམ་ཡང་སྐད་ཆ་ཆེན་པོ་ལབ་པ་རེད།
    བདག་ནི་ཁ་མཁས་འདྲ་ཆགས་ཀྱིས་མི་སུ་ལའང་བསྟུན་པོ་བྱེད་པའི་ཡ་རབས་ཀྱི་གྲས་སུ་མི་གཏོགས་པས་མི་དེ་ཚོའི་ཉོག་གཏམ་ལ་ཤིན་ཏུ་སུན་པའི་རྣམ་འགྱུར་སྟོན་གྱི་ཡོད།
དེའང་ཞིབ་ཏུ་བཤད་ན་མི་དེ་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་གཞན་ལ་ལེགས་ཉེས་ཀྱི་སྐད་ཆ་བཤད་པའི་གཞི་འཛིན་ས་གཙོ་བོ་ནི་རང་དང་ཉེ་བོ་བྱེད་མིན་དེ་རེད། གལ་སྲིད་སྐྱེ་བོ་གང་ཞིག་གིས་ཁོ་ཚོར་གློ་བ་ཉེ་བའི་གཏམ་འགའ་ཕྱུང་ཚེ་སྐྱེ་བོ་དེ་ཚོ་བསྟོད་པའི་དབུ་རྒྱན་གྱིས་སྤྲས་ཏེ་རང་གི་མཆོད་སྟེགས་སུ་འཇོག་པར་བྱེད་ལ་ཡང་སུ་ཞིག་གིས་ཁོ་ཚོའི་སྐྱོན་ལ་མཛུབ་མོ་གནད་དུ་བཙུགས་ཏེ་སྐད་ཆ་དྲང་བོ་ལབ་ཚེ་ཁོ་རང་ཁོ་ཚོའི་མིག་ནང་གི་གཟེར་མར་གྱུར་ཏེ་ཁོས་ཅི་བྱས་དང་ཅི་བཤད་ཐམས་ཅད་སྐྱོན་དང་ཉེས་པར་བསྒྱུར་ངེས་རེད། དེ་བས་མི་དེ་ཚོ་ནི་ཕར་ལ་གནས་ལུགས་བཤད་ན་མ་གོ་ཁུལ་བྱེད་ཅིང་གནས་ལུགས་མ་བཤད་པར་སྡིགས་མོ་བཏང་ན་ཁྱོད་ཀྱིས་ངའི་མི་གཞིར་དམའ་འབེབས་བྱས་སོང་ཟེར་ནས་གླེང་གཞི་གཞན་དུ་བསྒྱུར་བའི་བླུན་རྒན་ཁ་ནག་འགའ་རེད། མི་དེ་ཚོ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་འོ་མའི་ནང་དུ་ལྷུང་བའི་འབུ་ནག་འགའ་དང་འདྲ་སྟེ། གཅིག་ནས་ཁོ་ཚོས་འོ་མ་མི་གཙང་བར་བཟོས་པ་དང་གཉིས་ནས་ཁོ་ཚོ་རང་ཉིད་ལའང་ཐར་ལམ་མེད་པར་བྱས་འདུག
     ཁོ་ཚོར་མཚོན་ན་སྒྱུ་རྩལ་དང་ལྟ་བ་གཉིས་ལས་ཕྱི་མ་གཙོ་ཞིང་ལྟ་བ་གཏན་དུ་ཆགས་པ་ཞིག་རང་ལ་དབང་ཡོད་མེད་ལ་ཁོ་ཚོ་རང་གིས་ཀྱང་དོགས་པ་ཟ་དགོས་ཡོད། དེ་བཞིན་ཁོ་ཚོའི་དེ་རིང་གི་ལྟ་བ་དང་སང་ཉིན་གྱི་ལྟ་བ་གཉིས་ལའང་འགྱུར་བ་ཆེན་པོ་ཡོད་པ་རེད།༼འདིར་ལྟ་བར་འབོད་པ་ཞེས་པའི་དོན་ཏེ་རྒྱ་ཡིག་ཡིན་ཚེ་འདྲེན་རྟགས་སུ་འཇོག་དགོས༽ ཁོ་ཚོས་སྐབས་འགར་རང་བྱུང་ཁམས་ཆེན་པོའི་གསང་བ་རྟོགས་འདོད་དང་རང་དབང་གི་འཇིག་རྟེན་ཞིག་ལ་རེ་མདོག་བྱེད་ཀྱིན་ཡོད་ལ་རེས་འགར་ཆང་བཏུང་བ་དང་དུ་བ་འཐེན་པ་ཙམ་ལའང་བཟོད་སྒོམ་མི་ཐུབ་པའི་རྣམ་འགྱུར་སྟོན་གྱི་ཡོད། དེ་བས་ཁོང་ཚོར་འདོད་སྡོམ་པ་ཡིན་ལ་རང་དབང་བའང་ཡིན་པའི་ཡ་མ་གཟུགས་ཀྱི་གཡང་གཞི་མཐུག་པོ་ཞིག་ཡོད་པ་རེད།
གལ་སྲིད་ཁྱོད་ཀྱི་བརྩམས་ཆོས་སུ་ང་ལྟོགས་ཀི་དང་ཨ་མ་ལགས། ངས་ཁྱོད་དྲན་བྱུང་། ཕྱི་དྲོའི་ཞིང་ཁ་ཅི་འདྲའི་མཛེས་ལྟ་བུའི་ཚིག་མེད་ཚེ་ཁོ་ཚོས་ཁྱོད་ལ་བར་སྣང་ན་ཕོ་བྲང་བཞེངས་ཀྱི་འདུག་དང་། ཕྱི་གླིང་བར་ལད་མོ་བྱེད་ཀྱི་འདུག་ལྟ་བུའི་ཉེས་མིང་འགེལ་གྱི་རེད། དོན་དུ་དེ་ལྟར་བྱས་ཡོད་མེད་དང་བྱས་ན་ཇི་ལྟར་བྱས་ལུགས་སོགས་ཀྱང་གསལ་བོ་ཞིག་བཤད་རྒྱུ་ཡོད་པ་མ་རེད།
      མདོར་ན། མི་དེ་ཚོར་དཀར་བོ་ནག་པོར་སྒྱུར་བྱེད་དང་ནག་པོ་དཀར་པོར་སྒྱུར་བྱེད་ཀྱི་མཆུ་ཏོ་ཞིག་ཡོད་པ་ལས་གཞན་ཅི་ཡང་ཡོད་པ་མ་རེད། གནས་ལུགས་དང་། རྟོག་པ། རིག་པ། མཛེས་པ། ཐབས་རྩལ། མཐོང་རྒྱ། བློ་ཁོག་སོགས་གང་ཡང་ཡོད་པ་མ་རེད། གལ་སྲིད་ཁོ་ཚོས་དེ་དག་ཡོད་མདོག་བྱ་ན་དེ་ནི་ཁོ་ཚོས་རང་གི་མཆུ་ཏོར་གནས་སྐབས་ཙམ་དུ་བྱུགས་པའི་ཚོན་རྩི་ཡིན་པར་ངོས་འཛིན་དགོས། 
                    
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།