གླུ་སྐད་སྐྱ་བོ།༼ བརྩམས་སྒྲུང༽

  ཁ་བ་དང་བུ་ཡུག  ནམ་ཡང་གཏམ་རྒྱུད་མང་པོའི་བརྗོད་བྱར་འོས་པའི་ཁ་བ་དང་བུ་ཡུག  ཁ་བ་དང་བུ་ཡུག་གི་དབང་གིས་གསེར་ལུང་སྡེ་བའི་གནམ་གཤིས་ཀྱི་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་བཞི་བཅུར་ལྷུང་འདུག
  སྔོན་ཆད་མེ་ལྕེ་དམར་པོས་སྙིང་གི་ཚབ་བྱེད་མྱོང་བའི་སྦྲ་ནག་མང་པོ་ད་ལྟ་ཁོག་སྟོང་དུ་ལུས་འདུག་པས་ང་ཚོས་སྡེ་དཔོན་ནག་མགོན་དང་སྒྲུང་བ་ལྷ་ཐོ། ཚོང་བ་སྤེན་ཆུང་དང་གཟུ་བ་སྐར་མ། གླུ་བ་མིག་ཚེ་དང་སྤྲུལ་སྐུ་ཡེ་ཤེས་སོགས་སྡེ་བ་འདིའི་གྲལ་རིམ་མཐོ་ཤོས་ཀྱི་མི་སྣ་ལྟ་ཅི་ཐ་ན་ཐེངས་འདིའི་སྒྲུང་གཏམ་གྱི་མི་སྣ་གཙོ་བོ་སྟེ་བུ་མོ་པདྨའི་ཤི་གསོན་ཡང་གསལ་པོ་ཞིག་ག་ལ་ཤེས།ཉིན་བཅུའི་སྔོན་དུ་སྡེ་དཔོན་ནག་མགོན་གྱིས་འདར་མ་འདར་གྱི་སྐད་ངག་ལ་བརྟེན་ནས“ང་ཚོས་ད་དུང་འདི་ལྟར་རང་ཉིད་འཁྱག་རོམ་དུ་འགྱུར་བར་སྒུག་གམ། གསོན་འདོད་པ་རྣམས་ངའི་རྗེས་སུ་ཤོག་དང་གནམ་འོག་གི་ས་ཆ་ཚང་མ་འདི་འདྲ་ཞིག་འཁྱག་ཟེར་ན་ང་གཏན་ནས་མི་རློམ”ཞེས་པའི་སྐད་ཆ་དུམ་བུ་དེ་བཤད་པ་ནས་བཟུང་སྡེ་བའི་མཐའ་འཁོར་གྱི་ཁ་བ་མཐུག་པོར་ག་ས་ག་རུ་འཐེན་པའི་རྐང་ལམ་མང་པོ་ཞིག་བབས་ཤིང་ཚན་རྩལ་གྱི་ཐོན་རྫས་ལས་རང་གི་བརྗིད་ཉམས་ངོམ་འདོད་པའི་གསར་འགོད་པ་མང་པོར་ཡང་གསར་འཕྲིན་གྱི་རྒྱུ་ཆ་གཅིག་ཀྱང་ལུས་མ་སོང༌། ཡིན་ནའང་དངོས་དོན་ལས་བརྒལ་ཏེ་ཨུ་ཚུགས་ཀྱིས་རྟོག་བཟོ་བྱེད་ཕོད་པ་ནི་སྒྲུང་གཏམ་གསར་རྩོམ་པ་ཚོའི་ཁྱད་ཆོས་ཤིག་གམ་ངོ་ཚ་མེད་པའི་རྟགས་ཤིག་ཏུ་བརྩི་རུང་བས་བདག་གིས་སྤོབས་པ་ཆེན་པོས་སླར་ཡང་འདི་ལྟར་བྲིས་པ་ཡིན།
                                                         ༡
  ལྭ་བ་ཧྲུལ་བོ་ལས་སེར་ཁ་གས་པའི་ཤ་སྐྱིའང་མངོན་མོད་ད་དུང་སྙན་ཞིང་འཇེབས་པའི་གླུ་སྐད་ཅིག་ཁ་བ་དཀར་པོའི་འདབ་མ་དང་མཉམ་དུ་ས་གཞི་ཆེན་པོའི་པང་དུ་བྱོ་བར་བྲེལ་བའི་བུ་མོ་འདི་པདྨ་རེད། གླུ་དབྱངས་བླངས་ཀྱིན་བླངས་ཀྱིན་ཁོ་མོའི་རྐང་མཐིལ་ནས་ཀླད་པའི་བར་གྱི་ཁྲག་རྩ་ཚང་མ་དྲོད་ཀྱིས་བཟུང་ཞིང་སྤྲིན་དཀར་ལེབ་མོ་རེ་རེའི་བར་གསེང་ནས་ཀ་བ་ལྟར་དྲང་བའི་འོད་ཐིག་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བསྲིངས་འོངས། རིམ་གྱིས་བར་སྣང་ནས་ཁ་བ་འབབ་མཚམས་ཆད་དེ་ས་ངོས་ཀྱི་ཁ་བ་ཞུ་མགོ་ཚུགས།
  བྱེའུ་ཆུང་ཁྱུ་གཅིག་གིས་རྒྱུན་ལྡན་ལྟར་ལྡིང་སྐོར་བརྒྱབ་པའི་རྗེས་སུ་རླུང་རྟ་འགའ་ཡང་རང་དབང་གིས་འཕུར་འོངས།
  སྐབས་འདིར་པདྨས་རེ་ཞིག་གླུ་དབྱངས་ལེན་མཚམས་བཞག་མོད་དབྱངས་རྟ་དང་ཚིག་འབྲུ་རེ་རེ་ཁོ་མོའི་སྙིང་ཁ་ན་ཆུ་ཁོལ་བཞིན་གདུ་བཞིན་མཆིས།
  ཁོ་མོས་མུ་མཐའ་བྲལ་བའི་མཛེས་ལྗོངས་ཉམས་སུ་མྱོང་བའི་དུས་མཚུངས་སུ་རང་ཉིད་གང་ནས་འོངས་པ་དང༌། སང་ཉིན་གང་ལ་འགྲོ་བ། དེ་རིང་གང་དུ་ཡོད་པའི་སྐོར་ལའང་བསམ་གཞིགས་གཏོང་བཞིན་འདུག བསམ་གཞིགས་ཀྱི་རྗེས་ན་བཞུར་དོན་མི་འདྲ་བའི་མིག་ཆུ་འགའ་ལས་ཅི་ཡང་མེད་པ་མོ་རང་གིས་ཀྱང་གསལ་བོར་ཤེས་ཡོད།
  ངོ་མ། ཁེར་རྐྱང་གི་དུས་སུ་རང་ཉིད་ལས་ལྷག་པའི་སྐྱབས་མགོན་ཞིག་གང་ན་ཡོད་ཀྱང་ཁོ་མོས་རང་ཉིད་མ་ཡིན་པའི་མི་གཞན་ཞིག་སྟེ་མིང་ལ་ཕུན་ནོར་ཟེར་བའི་སྐྱེས་པ་ཞིག་དྲན་བྱུང༌། གསལ་བོར་བཤད་ན་སྐྱེས་པ་དེ་མོས་ལེན་གྱིན་པའི་གླུ་དབྱངས་དག་གི་ཚིག་དང་གདངས་གསར་རྩོམ་བྱེད་མཁན་ཡིན་ལ་ཁོའི་རྣམ་རིག་ལྡན་པའི་ངོ་གདོང་དང་རྩེད་མཚར་གྱིས་ཕྱུག་པའི་སྐད་ཆ་དག་ཁོ་དང་འབྲེལ་བ་ཡོད་པའི་མི་སུས་ཀྱང་བརྗེད་མི་ཐུབ་པ་ཞིག་རེད།
  བསྟུད་མའི་ཉིན་ཁ་ཤས་ཀྱི་རིང་ལ་ཁོས་ཁོ་མོར་འཛམ་གླིང་དུ་གྲགས་པ་འབར་བའི་རོལ་མོ་བ་རླབས་ཆེན་དག་གི་ལོ་རྒྱུས་ཐར་ཐོར་རེ་གླེང་ཞོར་རིགས་མི་འདྲ་བའི་རོལ་མོའི་བརྩམས་ཆོས་མང་པོ་མཚམས་སྦྱོར་བྱས་ལ་དེ་མཚུངས་སུ་རོལ་མོ་དང་འབྲེལ་བ་ཡོད་པའི་མཛེས་རིས་དང་སྙན་ངག་གི་སྐོར་ཡང་མང་པོ་ཞིག་བཤད་མྱོང༌། དེའི་རྐྱེན་གྱིས་ཁོ་མོའི་མིག་ཟུང་དང་མགྲིན་པ། དགའ་སྐྱོ་ཆགས་སྡང་སོགས་ལུས་ངག་ཡིད་གསུམ་གྱི་གྲུབ་ཆ་ཚང་མ་དྭངས་ཤིང་བསིལ་བའི་ཁྲུས་ཆབ་ཀྱིས་བཀྲུས་པ་ལྟར་གཙང་ཞིང་ལྷད་མེད་པ་ཞིག་ཏུ་གྱུར་པར་མ་ཟད་འཇིག་རྟེན་འདིར་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བར“བརྩེ་དུངས”ལས་གཞན“རང་དབང”ཞེས་པ་ཞིག་དགོས་པའི་དོན་སྙིང་ཡང་ཐོག་མར་རྟོགས་པ་རེད།
  “གང་ལྟར་ཁྱོད་ཀྱིས་གླུ་ཞིག་ལོངས། ད་ལྟ་ང་ལ་མཚོན་ན་ཆེས་བློས་གཏོང་མི་ཐུབ་པ་ནི་ཁྱོད་ཀྱི་གླུ་སྐད་རེད། པདྨ། ཁྱོད་ཀྱིས་གླུ་ཞིག་ལོངས།”
   ཁོའི་མཐའ་འཇུག་གི་སྐད་ཆ་དེ་ཁོ་མོའི་རྣ་ལམ་དུ་ད་དུང་གསོན་པོར་འཛུལ་འོངས། ཉིན་དེར་ཁོ་མོས་ཁོའི་མདུན་ནས་འདར་ཞིང་སྐྱོ་ཉམས་ཆེ་བའི་སྐད་ངག་ལ་བརྟེན་ནས་སྐད་དམའ་མོས་གླུ་ཞིག་བླངས། ཁོའི་དཔུང་བར་  དམ་དུ་འཇུས་པའི་ཉེན་རྟོག་པ་དེས་ཁོ་མོའི་ཕྱོགས་སུ་ཆགས་སྲེད་དང་ཁེངས་དྲེགས་ཀྱིས་གྲུབ་པའི་མིག་ཟུང་གཏད། མཐར་མར་མོས་དབུགས་རིང་ཞིག་དང་མཉམ་དུ“ཁྱོད་ཚོས་ཁོ་བཙོན་དུ་འཇུག་དགོས་དོན་ཅི་ཡིན”ཞེས་དྲིས་པ་ན་ཉེན་རྟོག་པ་ཞིག་གིས“དེ་ཁྱོད་དང་འབྲེལ་བ་མེད”ཟེར།
    དེ་ནས་བཟུང་མོས་ཁོ་རྨི་ལམ་ནས་མ་གཏོགས་མཐོང་མ་བྱུང༌།
                                    ༢
  ཁོ་མོ་སྔར་ལྟར་མདུན་དུ་སྐྱོད་ཀྱིན་འདུག   རྒྱང་རིང་ནས་ནག་ཡོར་ཡོར་གྱིས་མོའི་ཕྱོགས་སུ་ཡོང་བ་དེ་མ་གཞི་དྲེལ་པ་ཞིག་རེད།
  ཁོས་ཁྲིད་པའི་དྲེལ་དེས་སྐེ་ཡི་དྲིལ་ཆུང་གི་སིལ་སྒྲ་དང་མཉམ་དུ་རྨིག་བཞིའི་འདེགས་འཇོག་སྒྱུར་བཞིན་མཆིས།
  “ཡ། བུ་མོ། རི་བོ་འདིའི་ཕ་རོལ་གྱི་ཁ་བའི་མཐུག་ཚད་ཅི་འདྲ་རེད།”
  “ངས་ཤེས་མ་སོང༌།”
  “ཁྱོད་ཅི་འདྲའི་བུ་མོ་ལས་ངན་ཞིག་རེད། ང་འདྲ་བའི་ཚོང་དཔོན་ཞིག་ལའང་ཁེངས་ཉམས་བསྟན་ནས། ཁྱོད་ཀྱིས་ལྟོས་དང༌། ངའི་དྲེལ་གྱི་རྒྱབ་ཏུ་རིན་ཐང་གནམ་སར་མི་ཤོང་བའི་གཡུ་དང་བྱུ་རུ་བཀལ་ཡོད། བོད་ཀྱི་བུ་མོ་ཚོས་གཡུ་དང་བྱུ་རུའི་ཆེད་དུ་རང་གི་མི་ལུས་ཀྱང་བཙོང་བ་མིན་ནམ།”
  “ཁྱོད། ཁྱོད། གླུ་བ་མིག་ཚེ་མིན་ནམ། ང་པདྨ་ཡིན།”
  “ཨོ། པདྨ། ཚང་མས་ཁྱོད་ཤི་སོང་བ་རེད་ཟེར་གྱིན་འདུག”མིག་ཚེས་ཡ་མཚན་པའི་རྣམ་འགྱུར་དང་བཅས་དེ་ལྟར་བཤད་རྗེས“པདྨ།འུ་གཉིས་ཕྱིར་འགྲོ། ད་ལྟ་ཁ་བ་ཡང་འབབ་མཚམས་ཆད་པས་ང་ཚོས་སྔོན་ཆད་ལྟར་རང་གི་འཚོ་བ་སྐྱོང་བའི་དུས་ལ་བབས་པ་རེད”ཟེར།
  “མིན། མིག་ཚེ། དེ་བས་ཁྱེད་ཀྱིས་གླུ་ཞིག་ལོངས་དང༌།” པདྨས་ཅུང་ཟད་ཉམ་ཐག་པའི་ཚུལ་གྱིས་ཞུ་བ་བྱས་པས་ཁོས་གླུ་ཞིག་བླངས་བྱུང༌། ཡིན་ནའང་སྔོན་དང་མི་འདྲ་བ་ནི་ཁོའི་གླུ་ཚིག་ཕལ་ཆེ་བའི་ནང་དོན་གཡུ་དང་བྱུ་རུར་བསྟོད་པ་ཤ་སྟག་ཡིན་ལ་ལེན་དུས་ཀྱང་དེ་ཙམ་གཟབ་ནན་མི་བྱེད་པར་དྲེལ་རྒྱབ་ཏུ་བཀལ་བའི་གཡུ་དང་བྱུ་རུའི་ཕྱོགས་ལ་ཟུར་མིག་ཡང་ཡང་འཕེན།
  “དཀོན་མཆོག་གིས་ཁ་བ་བུ་ཡུག་གི་འཇིགས་པ་ལས་བསྐྱབས་ཏེ་ཁྱོད་ལ་སླར་ཡང་ཚེ་སྲོག་ཅིག་གནང་ཡང་ཁྱོད་ཀྱིས་ལོན་པའི་གྲུབ་འབྲས་འདི་ཡིན་ནམ།”
  པདྨས་འཛེམ་བག་མེད་པར་ཁོ་ལ་སྡིགས་མོ་བྱས། སྐབས་དེར་རྒྱང་རིང་ནས་གྲགས་པའི་ཁུ་བྱུག་གི་སྐད་ཅིག་རླུང་གིས་ཁུར་ཡོང་མོད་མིག་ཚེས“འདྲེ་བྱ་དེ་དང་འདྲེ་མོ་ཁྱོད་གཅིག་འདྲ་རེད”ཟེར་ནས་རང་གི་དྲེལ་ཁྲིད་དེ་བུད་སོང༌།
  “ཁུ་བྱུག་ལའང་འདྲེ་བྱ་ཟེར་གྱིན་འདུག”པདྨ་ཡ་མཚན་པར་གྱུར།དེ་ནས་བརྩིས་ཏེ་ཉིན་ཞག་ག་ཚོད་ཅིག་འདས་པ་དང་ཁོ་མོས་གླུ་དབྱངས་ག་འདྲ་ཞིག་བླངས་པ་ང་ཚོས་གསལ་བོར་མི་ཤེས་མོད་ཉིན་ཞིག་གི་སྔ་དྲོར་ཁོ་མོའི་མདུན་དུ་མངོན་པ་ནི་རི་དང་ཆུ་བོ་མ་ཡིན་པར་གསེར་གྱི་རྒྱ་ཕིབས་ལ་ཉི་འོད་འཁྱུད་ཅིང་རྡོ་ཡི་རྩིག་པ་ལ་བརྗིད་ཉམས་རྒྱས་པའི་ལྷ་ཁང་ཆེན་པོ་ཞིག་རེད། གནས་དེར་སླེབས་པས་ཁོ་མོར་རང་གི་མཐའ་མཇུག་གི་གནས་ཡུལ་རྙེད་པ་ལྟར་དཔག་ཏུ་མེད་པའི་དགའ་བ་ཞིག་རྒྱས་ཤིང་ལྷ་ཁང་ཕྱི་ངོས་ཀྱི་ཁྱད་དུ་འཕགས་པའི་བཟོ་རྩལ་ལས་གནའ་བོའི་མི་རིགས་འདིའི་དཔའ་མཛངས་དང་བློ་གྲོས་ཀྱང་ཚད་མཐོན་པོས་བློས་བསླངས་བྱས། འོན་ཀྱང་ལྷ་ཁང་ནང་དུ་སླེབས་རྗེས་ཁོ་མོ་ཧ་ལས་ཤིང་ཧོན་ཐོར་སོང༌།
  མ་གཞི་ལྷ་ཁང་འདིའི་ནང་དུ་ལྷ་ཁང་ནང་ཡོད་འོས་པའི་སྐུ་འདྲ་དང་ཆོས་དཔེ། ལྡེབས་རིས་དང་མར་མེ་སོགས་ཅི་ཡང་མེད་པར་ཆ་ལུགས་གཅིག་པའི་མི་མང་པོ་ཞིག་གིས་ཤིང་གཏུབས་པ་དང་ལྕགས་བཞུ་བ། སྨན་རྫས་སྣ་ཚོགས་སྡེབ་སྦྱོར་བྱེད་པ། རྩིས་འཁོར་བཀོལ་བ་སོགས་ལས་ཀ་སྣ་ཚོགས་སྒྲུབ་བཞིན་པར་མ་ཟད་ཐ་ན་སྐམས་ལུག་ཀྱང་བཤའ་བཞིན་འདུག
  ཁོ་མོས་འཇིགས་སྐྲག་མ་བཟོད་པར་ཕྱིར་བཀྱེད་པར་རྩོམ་པའི་ཚེ་ཁོ་ཚོའི་ཁྲོད་ཀྱི་མི་གཅིག་གམ་དུ་ལྷགས་ཏེ“ཁྱོད་གསར་དུ་འོངས་པ་ཞིག་ཡིན་ན་ད་དུང་ཉིན་འགའ་ལ་ལས་ཀ་མེད་པས་ཅུང་ཙམ་སྒུག་དགོས”ཟེར།
  “ཁྱོད་ཚོས་འདི་ལྟར་སྡིག་པ་བསགས་ནས་སངས་རྒྱས་ཀྱི་བཀའ་ལའང་རྒྱབ་འགལ་བྱེད་དམ།”
  “སངས་རྒྱས་ཀྱི་བཀའ་ང་ཚོའི་ཤ་ཁྲག་དང་འདྲེས་ཡོད། དེར་རྒྱབ་འགལ་ཅི་ལ་བྱེད། ཡིན་ནའང་ང་ཚོར་ཁྱོད་ཀྱི་སློག་ཧྲུལ་དེ་གྱོན་གོས་གསར་བ་ཞིག་ཏུ་སྒྱུར་བའི་ལས་འགན་ཡང་ཡོད་པ་རེད།”
  “སྐད་ཆ་འདི་ངས་སྔོན་ཆད་ཀྱང་ཐོས་མྱོང༌། ངོ་མ་ཚིག་འབྲུ་གཅིག་ཀྱང་འགྱུར་མི་འདུག   དེས་ན་ཁྱོད་སུ་ཡིན།” ཁོ་མོས་ཁོ་ཕུན་ནོར་ཡིན་ན་ཅི་མ་རུང་སྙམ་སྟེ་དེ་ལྟར་དྲིས། ཁོས“ངའི་མིང་ལ་ར་ལོ་ཟེར། སྔོན་ཆད་སྒྲུང་གཏམ་ཞིག་གི་མི་སྣ་གཙོ་བོའང་བྱེད་མྱོང”ཟེར་བ་ན་ཁོའི་སྣ་ཁུང་ལས་སྣབས་སེར་པོ་ཞིག་བཞུར་ཡོང༌། དེ་ནས་ཁོས་སྟབས་བདེ་བའི་ལག་ཕྱིས་ཤིག་གིས་སྣབས་གཙང་མར་ཕྱིས་རྗེས“ཁྱོད་ཚོ་བུད་མེད་རྣམས་ངོ་མ་སྙིང་རེ་རྗེ”ཞེས་ཁ་ཕྱིར་འཁོར་ཏེ་རང་གི་ལས་ཀ་སྒྲུབ་པར་བུད་སོང༌།
                                                                ༣
  ཁ་བ་སླར་ཡང་བབས་བྱུང༌།
  “ཕུན་ནོར་ལ་སྲོག་ཁྲིམས་བཅད་འདུག་ཟེར་བ་ཨེ་གོ”
  “ཁོས་ཁྲིམས་དང་འགལ་བའི་ལས་ཀ་ཅི་ཞིག་བྱས་སམ།”
  “ཁོས་དགོངས་ཞུའི་ཡི་གེ་ཞིག་གི་རྗེས་སུ‘གུས་འདུད་དང་བཅས’ཟེར་བའི་ཡིག་འབྲུ་བཞི་བོ་འབྲི་རྒྱུ་བརྗེད་པ་རེད།”
  རྒས་མོ་གཉིས་ཀྱིས་དེ་ལྟར་ཁ་བརྡ་བྱེད་ཀྱིན་འདུག་ལ་ཁོ་མོ་གཉིས་དང་བུ་མོ་པདྨའི་བར་ལ་འབྲེལ་བ་ཅི་ཡང་མེད་པ་མ་ཟད་ཁོ་མོ་གཉིས་དང་སྡེ་དཔོན་ནག་མགོན་དང་སྒྲུང་བ་ལྷ་ཐོ་སོགས་ཀྱི་བར་ལའང་འབྲེལ་བ་ཅི་ཡང་མེད།
  པདྨ་གར་ཁང་ཞིག་གི་སྒོར་སླེབས་པ་དང་དབང་མེད་དུ་འགྱེལ་སོང༌། གར་ཁང་ནང་གི་དེང་རབས་ཀྱི་རྒྱུགས་ཆེ་བའི་གླུ་དབྱངས་དང་ཕོ་མོ་མཉམ་འདུས་ཀྱི་ཀུ་ཅོ་ནི་དབུལ་བོ་ཚོ་ཟིལ་གྱིས་གནོན་པར་ཆེད་དུ་བཟོས་པ་འདྲ། གླུ་ལེན་སྟེགས་བུར་གོས་དཀར་པོ་གྱོན་པའི་བུ་མོ་ཞིག་གིས<<སེམས་པ་ཧ་ཅང་གཉོམ>>ཟེར་བའི་རྒྱ་སྐད་ཀྱི་གླུ་དབྱངས་དེ་སེམས་འགུལ་ཚད་མེད་ཐེབས་པའི་ཚུལ་གྱིས་ལེན་གྱིན་འདུག མོ་ནི་པདྨའི་ཨ་ཅེ་སྟེ་མིང་ལ་སྒེག་མ་ཟེར་ཞིང་དེ་ནི་མོའི་རུས་མིང་ལས་གཞན་ཆེས་ཡིད་སྨོན་བྱེད་སའི་ཐ་སྙད་ཅིག་ཀྱང་ཡིན།
  པདྨ་དྲན་པ་སོས་དུས་མོའི་མཐའ་འཁོར་དུ་སྒེག་མ་ལས་གཞན་སུ་ཡང་མེད།
  “ཨ་ཅེ་ལགས། ཕ་ཡུལ་གྱི་ནམ་ཟླ་ཧ་ཅང་འཁྱག   དགུན་གཞུང་རེ་རེར་མཚམས་མི་ཆད་པའི་ཁ་བ་འབབ་ལ་ཨ་ཕས་ང་རང་ཁ་བའི་ཁྲོད་ནས་གནས་ལ་ཐེངས་གསུམ་བསྐྱལ། ཡིན་ཡང་ང་རང་ཁ་བའི་ཁྲོད་ནས་ཡུལ་ལ་ཐེངས་གསུམ་བྲོས་པ་ཡིན། ཨོ། ང་ལ་ད་དུང་ངོ་ཤེས་ཤིག་ཡོད། ཁོའི་མིང་ལ་ཕུན་ནོར་ཟེར།”
  སྒེག་མས་ངག་སྒོ་ཕྱེ་བར་རྩོམ་དུས་བུད་མེད་ཅིག་གིས་མོའི་མིང་ནས་བོས་བྱུང༌།
  “ཝེ། སྒེག་མ། དེ་རིང་ཁྱོད་ལ་རླུང་རྟ་བརྒྱུགས་བྱུང༌། སྐུ་སྲས་ཤིག་གིས་བརྒྱ་ལོར་གྱི་སྟེང་དུ་བརྒྱ་ལོར་བརྩེགས་ཏེ་ཁྱོད་བསྒུགས་འདུག”
  “ང་ལའང་མིག་ཆུ་མེད་པ་མ་ཡིན”པདྨའི་རྣ་ལམ་དུ་སྒེག་མའི་སྐད་ཆ་དེ་གྲག་པ་དང་སྒེག་མ་བུད་མེད་དེའི་གམ་དུ་བུད་སོང༌།
  ཅུང་ཙམ་འགོར་རྗེས་པདྨས་ཉེ་འགྲམ་གྱི་གློག་དུང་ཞིག་ལས་གྲགས་པའི་གསར་འགྱུར་གྱི་ཕྱོགས་སུ་རྣ་བ་བླགས་འདུག
  “ཟླ་འདིའི་ཚེས་བཅོ་ལྔའི་ཉིན། ཡུལ་འདིའི་ཆེས་མཐོ་བའི་བྲག་རི་དར་འཁར་ལས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་རྦབ་ལ་རིལ། ཕངས་པ་ཞིག་ལ་རླངས་འཁོར་དེར་ཡོད་པ་ནི་ས་ཆ་ཞིག་ནས་ས་ཆ་ག་གེ་མོར་དབོར་བའི་ཚོང་ཟོག་མ་ཡིན་པར་འབྱོར་བས་དབུལ་ཏེ་དབྱར་རྩྭ་བརྐོ་བར་འགྲོ་བའི་བོད་རིགས་ཀྱི་བུ་མོ་ཡིན། ཆ་སྙོམས་ཀྱི་ལོ་གྲངས་ཉི་ཤུ་རྩ་ལྔ་ཡིན་པའི་བུ་མོ་དེ་དག་སྐད་ཅིག་ཙམ་གྱི་ཆག་སྒོའི་ནང་མི་རོ་སུམ་ཅུར་གྱུར་ཏེ་ཉིན་ཞག་གསུམ་ལོན་ཡང་བདག་པོ་གཅིག་ཀྱང་སླེབས་མ་བྱུང༌། མཐའ་མར་ལམ་བཅོས་བཟོ་བ་ཚོས་རོ་དེ་དག་ཆུ་ལ་མི་སྐྱུར་ཀ་མེད་བྱུང༌། གསར་འགྱུར་བཤད་ཚར་སོང༌། སང་ཉིན་ང་ཚོ་སླར་ཡང་འཕྲད།”
  “སང་ཉིན་ང་ཚོ་མི་འཕྲད་པར་སྨོན”པདྨས་མིག་ཟུང་བཙུམས་ཤིང་སླར་ཡང་ཕུན་ནོར་གྱིས་བརྩམས་པའི་གླུ་དབྱངས་བླངས། གླུ་དབྱངས་བླངས་ཀྱིན་བླངས་ཀྱིན་ཁོ་མོའི་རྐང་མཐིལ་ནས་ཀླད་པའི་བར་གྱི་ཁྲག་རྩ་ཚང་མ་དྲོད་ཀྱིས་བཟུང་ཞིང་སྤྲིན་དཀར་ལེབ་མོ་རེ་རེའི་བར་གསེང་ནས་ཀ་བ་ལྟར་དྲང་བའི་འོད་ཐིག་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བསྲིངས་འོངས།
                                                                    ༤
  ཕུན་ནོར་གསོད་རར་འཁྲིད་པའི་ཉིན་དེར་མི་མང་པོ་འཚངས་ཁ་ཤིག་ཤིག་གིས་ལྟད་མོར་སླེབས་ཡོད། མིག་ཚེས་གོ་སྐབས་ལེགས་པོ་དེ་བེད་སྤྱད་ནས་གཡུ་དང་བྱུ་རུ་བཙོངས་པ་ན་ཆུ་ཚོད་ཕྱེད་ཀ་མ་ལོན་པར་ཁོའི་ཨམ་ཕྲག་མ་རྩ་ལས་ལྡབ་གཉིས་ཀྱིས་མང་བའི་ཤོག་དངུལ་གྱིས་གང་བྱུང༌། དེ་འཕྲལ་ཁོའི་ངག་ལས“ང་སླར་ཡང་གནས་དེར་གཡུ་བྱུར་དབོར་དུ་ཐེངས་འགར་འགྲོ་མ་ཐུབ་ན་ཨ་མའི་བུ་མིན”ཞེས་པའི་ཚིག་དེ་ཤོར།
  ཉིན་དེར་པདྨས་གྲོང་རྡལ་ཆུང་ཆུང་ཞིག་གི་སྲང་བར་ན་བུ་མོ་འགའ་ཤས་དང་མཉམ་དུ་འཁྱམ་ཉུལ་བྱེད་ཀྱིན་ཡོད། ཁོ་མོ་ཚོས་རང་གིས་བརྒྱུད་མྱོང་བའི་ལམ་བུ་དང་མཐོང་མྱོང་བའི་མི་དག་ཕན་ཚུན་ལ་ངོ་སྤྲོད་བྱེད་པ་དང་ཆབས་ཅིག“རང་ཅག་ཚང་མ་ལྷ་སར་འགྲོ”ཞེས་པའི་གྲོས་གཞིའང་བཏོན་མོད། འོན་ཀྱང་པདྨས་ཞིབ་འདང་འགའ་བརྒྱབ་རྗེས“ང་ལྷ་སར་མི་འགྲོ”ཟེར། 
  “ཅིའི་ཕྱིར”
  “ངས་ཕུན་ནོར་འཚོལ་དགོས། ཁོ་དང་མཉམ་དུ་ལབ་གླེང་བྱེད་རྒྱུ་ནི་ངའི་འཇིག་རྟེན་སྟེང་གི་སྤྲོ་སྣང་ཆེ་ཤོས་ཀྱི་ལས་ཀ་ཡིན།”
  མཚམས་ཤིག་ལ་མི་ཁ་ཤས་ཁོ་མོ་ཚོའི་ཕྱོགས་སུ་བྲེལ་འཚུབ་ཀྱིས་བརྒྱུགས་འོངས་ཤིང་དེ་ལས་གཅིག་གིས“རེད། པདྨ་རེད”ཟེར་བ་ན་གཞན་དག་གིས“དངོས་གནས་པདྨ་རེད”ཟེར།
  “པདྨ། ཁྱོད་ཀྱི་ཨ་མ་ཤི་སོང༌། ཁྱོད་ཀྱི་ཨ་ཕ་ཤི་སོང༌། ཁྱོད་ཀྱི་ནུ་བོ་ཤི་སོང༌། ཁྱོད་ཀྱི་་་་”རྒན་པོ་ཞིག་གིས་དེ་ལྟར་བརྗོད་པའི་སྐབས་སུ་པདྨས་མིག་གཉིས་འགུལ་ཙམ་མེད་པར་ཆེ་རུ་བགྲད་འདུག་པས་ཁོས་སླར་ཡང“ཁོ་མོ་སྨྱོས་འདུག་ཟེར་བ་བདེན་པར་འདུག ཝེ། པདྨ། ཁྱོད་ཀྱིས་ལྟོས་དང༌། འདིར་མཛུབ་མོ་ག་ཚོད་འདུག”ཅེས་དཀྱིལ་མཛུབ་དང་སྲིན་མཛུབ་གཉིས་མཉམ་པོར་བསྲིངས་ཤིང་མཛུབ་མོ་གཞན་དག་བསྐུམས་ཏེ་མོ་ལ་བསྟན། པདྨས“གཉིས་འདུག  སྡེ་དཔོན་ནག་མགོན་ལགས”ཞེས་ལན་བཏབ་པ་ན་རྒན་པོ་གཞན་ཞིག་གིས“བུ་མོ། ང་ཚོ་ཕྱིར་འགྲོ། ད་ལྟ་ཕ་ཡུལ་གྱི་ཁ་བའང་སྔར་ལས་ཅུང་ཟད་སྲབ་པས་ང་ཚོས་ཁྱོད་ལ་རང་དང་འཚམས་པའི་མག་པ་ཞིག་དང་འཚོ་བ་སྐྱེལ་སྤྱད་ཀྱི་རྒྱུ་ཟོག་འགའ་འཚོལ་ཐབས་བྱེད་ཡ”ཟེར།
  ཉིན་དེའི་ཕྱི་དྲོར། པདྨ་ཁོ་ཚོ་དང་མཉམ་དུ་ཕྱིར་ལོག་ཅིང་ཉིན་འགའི་རྗེས་སུ་ལུས་ལ་གཟབ་མཆོར་སྤྲས་པའི་ཕོ་གསར་འགས་ཁོ་མོར་མག་པ་ཞིག་བསུས་འོངས། མག་པ་དེ་མ་གཞི་མིག་ཚེ་ཡིན་ལ་ཁོས་ཐོག་མར་རྟ་རྒྱབ་ནས་གཡུ་བྱུར་ཏ་ལེན་གང་བླངས་ཡོང་སྟེ“འདི་ནི་ངས་རང་གི་བཟའ་ཟླར་བརྩེ་སེམས་མཚོན་བྱེད་དུ་སྦྱིན་པའི་ལེགས་སྐྱེས་དང་པོ་ཡིན”ཟེར། པདྨས་མགོ་བོ་དུད་དེ་སྡོད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད།
  རྗེས་སུ་མོས་མིག་ཚེའི་ངག་ལས་ཕུན་ནོར་གསོད་རར་ཁྲིད་པའི་སྐོར་ཡང་གསལ་བོར་ཐོས་བྱུང༌།
  གསེར་ལུང་སྡེ་བའི་ཡུལ་གྱི་བཀོད་པ་དེ་མཛེས་ཤིང་ལྷུན་ཆགས་པའི་དཔལ་ཡོན་གྱིས་ཕྱུག་ཅིང་དེ་ནི་ཕྱི་གླིང་བ་ཚོས“ངོ་མཚར་བ”དང༌། “གསང་བའི་འཇིག་རྟེན།”  “ལྷ་ཡུལ”སོགས་ཐ་སྙད་མང་པོ་ཞིག་གིས་བརྒྱན་སྲིད་པའི་ཡུལ་གྲུ་ཞིག་ཡིན་པར་གདོན་མི་ཟ།
  ཡུལ་འདི་ནས་ནར་སོན་པའི་བུ་མོ་པདྨས་སླར་ཡང་འཚོ་བ་གསར་བ་ཞིག་རོལ་འགོ་བརྩམས། ད་ལྟ་མོས་ཁྱོ་ག་གཡུ་བྱུར་བཙོང་དུ་སོང་ཤུལ་ནས་མ་གཏོགས་ཕུན་ནོར་གྱིས་བརྩམས་པའི་གླུ་དབྱངས་ལེན་གྱིན་མེད། སྐབས་རེར་ཁྱོ་གས་ཁྲ་མའི་ཕྱི་རོལ་ནས་མོའི་གླུ་སྐད་ཐོས་ཏེ་ཁ་རྡུང་ཡ་ང་བ་རེ་བཏང་ཡང་མོས་ཐེངས་གཅིག་ལའང་ཁོར་ཁ་ལན་སློག་མ་མྱོང༌། གང་ལྟར་ཁྱོ་ག་མོའི་བྲན་བདག་ཏུ་གྱུར།
  ལོ་དུ་མ་འདས་རྗེས་ཀྱི་ཉིན་ཞིག་ལ་སློབ་ཆུང་འགྲིམས་པའི་མོའི་ཕྲུ་གུ་ཆུང་བས“ཤི”ཞེས་པའི་ཡི་གེར་ཚིག་གྲུབ་བཟོ་བཞིན་འདུག ཁོས་འདང་རྒྱག་སྤུ་ཙམ་མེད་པར“ངའི་ཨ་མ་ཤི་སོང”ཞེས་ཤར་མར་བྲིས། ཉིན་དེར་པདྨ་ངོ་མ་ཤི་སོང༌།
  ཕྱིས་སུ་མི་རྣམས་ཀྱིས་གསེར་ལུང་སྡེ་བ་དང་བར་ཐག་ལེ་དབར་ལྔ་བཅུ་ཡིས་ཆོད་པའི་རི་སྒང་ཞིག་ནས་ཉམ་ཆུང་བའི་གླུ་སྐད་ཅིག་ཐོས་བྱུང༌། གླུ་སྐད་དེ་རླུང་གིས་གཙུབས་པའི་ཁ་བའམ་ཡང་ན་དལ་གྱིས་རྒྱུ་བའི་སྨུག་རླངས་ཀྱིས་བཏུམས་པ་འདྲ་བས་ང་ཚོས་དེ་ལ་གླུ་སྐད་སྐྱ་བོ་ཟེར་ཆོག

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།