ཡང་ནས་ཡང་དུ།
མདང་དགོང་མཚན་དཀྱིལ་ལ་མལ་དུ་གཟིམས་པས
རྨི་ལམ་གཅིག་གིས་ཡང་ནས་ཡང་དུ་སྐོར་བ་བརྒྱབ་སོང
སྲང་ལམ་ཞིག་གི་སྣེར་བུད་རྗེས་ཁ་ཕྱིར་འཁོར་ཏེ་ཚུར་འོང་ཞིང
དེ་ནས་སླར་ཡང་དེའི་སྣེར་བུད་པ་བཞིན
ཨ་མྱེ་ནས་ཚ་བོ་དང་ཚ་བོ་དེ་སླར་ཡང་ཨ་མྱེ་རུ་གྱུར་བ་བཞིན
ན་ནིང་གི་སྤྲིན་དཀར་སླར་ཡང་མགོ་ཐོག་གི་ནམ་མཁར་འཐིབས་པ་བཞིན
བེའུ་དག་གཡག་རྒོད་དུ་གྱུར་རྗེས་བཤས་རར་བཙོང་ཞིང
ལྷས་རའི་ནང་གི་བེའུ་གཞན་དག་རིལ་བུ་བཞིན་འཕེལ་འོང་བ་བཞིན
གངས་རིའི་ཕ་རོལ་ནས་ཕ་ཡུལ་དྲན་པའི་གླུ་གཞས་ཤིག
གྷི་ཐར་དང་ས་ཁི་སི སྨྱུག་གླིང རྣོ་སྦྲེང སྒྲ་སྙན་འབྲུག་མགོ་མ་སོགས་ལ་འགྲོགས་ནས
རེ་རེ་བཞིན་གྲགས་འོང་བ་བཞིན
མཛེས་མའི་ངོ་གདོང་དང་ཉིན་བྱེད་ཀྱི་ཞལ་རས་དེ
ཞོགས་པ་རེ་རེ་བཞིན་དུས་ཚོད་ཀྱི་ལག་པས་འཁྲུད་པ་བཞིན
ལས་བྱེད་པ་དག་གིས་ཡང་ནས་ཡང་དུ་ཟླ་ཕོགས་འཕར་བར་ཉེ་ཞེས་པའི
ཚིག་དེ་བསྐྱར་ཟློས་བྱེད་པ་བཞིན
དཔོན་པོ་དག་གིས་ཉིན་དང་མཚན་བྱས་ནས་ཤིང་མཁན་ཚོར་རྐུབ་སྟེགས་གསར་བ་བཟོ་རུ་འཇུག་པ་བཞིན
ཁྲོམ་སྲང་གི་མི་ཚོགས་དང མི་ཚོགས་ཀྱི་འདོད་ཧམ
ཆུ་བུར་གྱི་མདེའུ་དང བདུག་སྤོས་ཀྱི་ན་བུན
ཡང་ནས་ཡང་དུ་རྡེབ་པའི་མིག་གི་པར་སྒོ
སྲིད་པའི་སྨྱུག་སླེའི་ནང་གི་ཚེ་སྲོག་གི་སྒོ་ང་དག་དང་འདྲ་བར
ཡང་ནས་ཡང་དུ་སླེབ་སོང ཡང་ནས་ཡང་དུ་སླེབ་སོང
2010/5/6ཉིན་རྒྱ་ནག་གི་གྲོང་ཁྱེར་སྤོས་ལྡན་ནས།
རྩོམ་ཁུངས། ངེད་དྲ་བ།