གསར་རྙིང་གླེང་བའི་གཏམ།༼ལྷུག་རྩོམ༽

          ལར་ཁོ་བོ་ནི་ཤེས་ཡོན་པ་ཡིན་ཟེར་བའི་རྒྱལ་ནང་གི་བོད་མི་ཕལ་བོ་ཆེ་ལ་ཁོ་ཆད་ཡོད་དེ། གཅིག་ནས་རིག་གནས་ཀྱི་ཆུ་ཚད་མེད་པ་དང་། གཉིས་ནས་ཁ་ཆུང་ཆུང་ནང་ནས་གཏམ་རྫིག་པོ་འབའ་ཞིག་ཕྱུང་བས་ཕྱིར་ནའོ།། གནའ་བོའི་བོད་མི་དང་ཁོ་ཚོའི་གཤིས་ལུགས་ནི་དོན་དམ་ཅི་འདྲ་ཞིག་ཡིན་པ་ཆ་མ་འཚལ་མོད་འོན་ཀྱང་མི་ཚེ་ཐོས་པ་དང་ཤེས་རབ་ཀྱིས་བསྐྱལ་བའི་མཁས་གྲུབ་དེ་ཚོ་ནི་སྙིང་རུས་ཆེ་ལ་བསྲན་ཚུགས་པ། དཔའ་གདེང་ལྡན་ཞིང་ཁོག་གྲིམ་པ། དམ་ཚིག་སྲུང་ཞིང་ལས་འབྲས་རྩི་མཁན་ཤ་སྟག་སྟེ་ཁོང་ཚོས་མཁས་པ་ཞེས་པའི་སྟེང་དུ་ད་དུང་བཙུན་པ་དང་བཟང་བ་ཞེས་པ་ཞིག་ལ་བརྩོན་སྲིད་པར་གཞིགས་ན་ད་ལྟ་མ་བརྟག་མ་དཔྱད་པར་བྱུང་རྒྱལ་དུ་སྡོམ་ཚིག་ཆེན་པོ་འགོད་མཁན་ཚོས་རང་མགོ་གཡོག་བྱེད་ཀྱི་རྩེད་མོ་ཅི་འདྲ་ཞིག་རྩེ་བཞིན་པ་ཤེས་ནུས། མཚན་ཉིད་པ་ཆེན་པོ་ནེ་ཁྲེས་ཤིང་རྟའི་འཁོར་ལོ་འདྲུད་བྱེད་ཀྱི་རྟ་རྒན་ཞིག་ལས་དེང་གི་ཕོ་མོ་གཅིག་ལའང་མི་འཁྱུད་པ་དང་དེའི་རྒྱུ་མཚན་ལྟ་བུར་ང་ཚོར་གནའ་མྱི་ལས་སློབ་ནུས་པ་མང་པོ་ཞིག་ལེགས་བཤད་ཀྱི་མདའ་མོ་རུ་འཕངས་པ་དེས་ཀྱང་རང་རེའི་བསྐལ་བ་སྙིགས་མ་ཞེས་པ་ཤུགས་ཀྱིས་བསྟན་འདུག་པར་སྙམ།
            
བྱིས་པའི་དུས་སུ། ཁོ་བོས་ཀྱང་བཀྲ་རྒྱལ་ལྟར་རྙིང་བས་རྒུད་པ་མཚོན་ཞིང་གསར་བས་དར་བ་མཚོན་པ་རེད་སྙམ་པའི་དོན་སྤྱི་རིལ་མོ་ཞིག་བཙན་ཐབས་ཀྱིས་བཙིར་ནས་གསར་བ་མིན་ན་རྙིང་བ་ཡིན་དགོས་པ་དང་རྙིང་བ་མིན་ན་གསར་བ་ཡིན་དགོས་པར་འདོད་མོད་གནས་ལུགས་ཀྱི་ཁམས་ཆེན་པོ་དེ་དང་མྱོང་བའི་ཀློང་ཡངས་པོ་དེ་ཡིས་བརྟག་ཅིང་དཔྱད་པར་བྱས་ཚེ་གསར་རྙིང་གཉིས་ཀ་ནི་ཕན་ཚུན་རྐྱ་འཐབ་པའི་གོང་བུ་གཅིག་ལས་སོ་སོར་དབྱེ་རུ་མེད་པ་དེ་གསལ་བོར་ཤེས་བྱུང་། དེའི་ཕྱིར་གསར་བར་ཁ་གཡར་ནས་རྙིང་བ་ཡོད་ཚད་བརླག་རྒྱུ་ཟེར་བ་ནི་ན་ཙེ་དང་རིག་གསར་གྱི་ལས་འགུལ་ཁོ་ནའི་བསྒྲུབ་བྱ་ཉག་གཅིག་ཡིན་པའང་ཞོར་དུ་རྟོགས་སོང་།གསལ་བོར་བཤད་ན་རྙིང་བར་མི་བརྟེན་པར་ལྟོས་པ་མེད་པའི་གསར་བ་ཞིག་ལ་རེ་མཁན་ནི་གནམ་ལས་མེ་ཏོག་གི་ཆར་འབབ་པར་རེ་མཁན་དང་རྒྱུ་འབྲས་ཁས་མི་ལེན་མཁན། རིག་པ་འཆལ་ཞིང་ཨ་གསར་དང་ཧོལ་རྒྱུགས། ཡང་ན་རྩེད་མོ་ཙམ་ལ་དགའ་མཁན་ཁོ་ན་རེད་དོ།།
             འཛམ་གླིང་ཇི་ལྟར་ཞི་བདེའི་ངོ་བོར་གྱུར་བ་དང་། མིའི་རིགས་ཀྱི་རིག་གནས་ཇི་ལྟར་འཆམ་མཐུན་མཉམ་གནས་ཀྱི་ངང་ནས་འཕེལ་བར་གྱུར་ན་དེ་ལྟར་གསར་བ་དང་རྙིང་བ་གཉིས་དཀར་ནག་གཉིས་བཞིན་དགར་སྤྲོ་བའི་མཐར་ལྷུང་བ་དེ་ཚོའི་གྲངས་ཀ་ནི་ཇེ་ཉུང་ནས་ཇེ་ཉུང་ཡིན་ནའང་རང་རེའི་ཡུལ་འདིར་ཇེ་མང་ནས་ཇེ་མང་ཡིན་པ་ནི་མཐར་གཏུག་ན་རྒྱུ་རྐྱེན་འདི་འདྲར་ཐུག་ཡོད་དེ། ༡ སློབ་གསོའི་ལམ་ལུགས་ཆ་མི་ཚང་བ། ༢ རིག་ཚན་ཁག་སོ་སོའི་མ་ལག་ཚུགས་མེད་པ། ༣ ཕྱི་དངོས་པོའི་འབྱོར་བ་དང་ནང་བསམ་པའི་འཚོ་བཅུད་ཀྱིས་དབུལ་བ། ༤རང་གིས་མ་འཁྱོངས་པ་དེ་གཞན་མགོར་དཀྲི་རྒྱུར་གོམས་ཡོད་པ་སོགས་སོ།།
             དེ་བས་མིང་ལ་ཤེས་ཡོན་པ་རུ་བོས་ཀྱང་དོན་དུ་བརྒྱ་ཁ་གཅིག་ཆོད་ཀྱི་ལམ་ནས་་རིག་ལམ་སྒེར་གཅོད་བྱེད་པར་མོས་པའི་མི་དེ་དག་གིས་རང་སྒོ་རང་གིས་གཅོད་བྱེད་ཀྱི་རྡོ་རྒན་ཆེན་པོ་རེ་བཟོ་བཞིན་པ་ལས་ཅི་ཡང་བསྒྲུབས་མེད་ལ་དེ་ཡིས་གཅིག་ནས་རང་གི་ཤེས་རབ་ཀྱི་མིག་ལྡོང་དུ་འཇུག་པ་དང་གཉིས་ནས་གཞན་གྱི་ཅི་ཞིག་ཤེས་འདོད་ཀྱི་བློ་སྒོ་ཁེགས་སུ་འཇུག་གི་ཡོད། ཁོ་ཚོས་ཁ་ནས་དཀྱེལ་ཡངས་དགོས་ཞེས་ལབ་ནའང་དོན་དུ་དཀྱེལ་ཡངས་མི་ཐུབ་པར་ལག་པ་གཅིག་གིས་གནམ་འགེབས་པ་དང་། ཁ་ནས་འགན་འཁྲིར་ཞེན་ཞེས་གྱེར་ནའང་དོན་དམ་གྱི་འགན་འཁྲི་དེ་ཅི་ཞིག་ཡིན་པ་ལ་གོ་བ་ཟབ་མོ་ལོན་གྱིན་མེད་པ་ལྟ་བུ་སྟེ་དེ་ནི་དོན་དུ་ཤེས་ཡོན་པར་བརྫུས་ནས་ཤེས་ཡོན་པའི་ཁོར་ཡུག་རློག་མཁན་ཁོ་ན་ཡིན་ནོ།།
            ཁོ་བོས་ནི་གལ་སྲིད་རང་རེའི་བོད་ཀྱི་མ་འོངས་པ་དེ་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་དག་གི་རྩིག་གསེབ་ན་དུ་ཆང་གི་འདམ་མྱགས་ལ་རོལ་ཅིང་དུས་དེབ་ཁ་ཤས་དང་རྒྱ་ཡིག་ཁ་ཤས་དམུར་བའི་སྐྲ་ལོ་རིང་བོ་ཅན་ནམ་མིག་ཤེལ་ཆུང་ཆུང་ཅན་དག་ལ་བཅོལ་དགོས་ཚེ་ཡོངས་སུ་ཚར་ནས་འདུག་སྙམ་ལ། དེ་དག་དང་བསྡུར་ཚེ་ངུར་སྨྲིག་གི་ན་བཟའ་གསོལ་ཏེ་དཀྱིལ་མོ་དཀྲུང་གིས་མེས་པོའི་ཤུལ་དངོས་སྲུང་བཞིན་པའི་འདུལ་འཛིན་པ་དག་ནི་ཅི་འདྲའི་རླབས་ཆེ་བ་ལ་བསམ་གྱིན་ཡོད།
            
ཡིན་ནི་ཡིན་ཏེ་ཕ་ཤུལ་བུ་ཡིས་མི་ཟིན་མཁན་ཚོས་ནི་ནམ་ཡང་རང་གི་ཨ་མ་དེ་ཕར་ལ་གཡུག་ནས་ཨ་མ་གསར་བ་ཞིག་བཙལ་སྲིད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།