བྱིས་པ་སློག་ཚར་ཅན་དེ།༼ལྷུག་རྩོམ༽

                     __རང་གི་མི་ཚེའི་ནང་གི་འདྲ་པར་དང་པོ་ལས་འཕྲོས་པའི་གཏམ།
   གོང་དུ་བཀོད་ཡོད་པ་དེ་ངའི་མི་ཚེའི་ནང་གི་འདྲ་པར་དང་པོ་ཡིན་ལ་དེ་དུས་ང་རང་མི་ཡུལ་དུ་ཡོང་ནས་ལོ་ལྔ་འགོར་ཡོད། སྐབས་དེའི་འཇིག་རྟེན་དེ་ག་འདྲ་ཞིག་ཡིན་པ་ད་ལྟ་བདག་གི་དྲན་པའི་ངོས་ན་མང་པོ་མེད་ཀྱང་ཁྱིམ་དུ་མགྲོན་པོ་ཞིག་བསླེབ་ཚེ་དེའི་གམ་དུ་བཅར་ཏེ་སྐྱབས་འགྲོ་དང་དམིགས་བརྩེ་མ་སོགས་འདོན་པ་དང་། པཱ་ལགས་ཡུལ་ཚོའི་ནང་སོང་སྟེ་ཕྱིར་བསླེབས་པའི་བར་ཁྲ་ཆིལ་དགུ་ཆིལ་གྱི་སྐར་མ་མིག་གིས་འཚོས་ཏེ་སྦྲ་སྒོ་ནས་བསྒུགས་བསྡད་པ། གལ་སྲིད་ཁོང་བསླེབ་མ་ཡོང་ཚེ་མིག་ཆུས་ཐིགས་པས་གདོང་ཡོངས་ཀུན་ནས་བརླན་པར་བྱས་པ་སོགས་ཝ་ལེར་དྲན། དོན་དུ་ངས་བསྒུག་པར་བྱ་བ་ནི་པཱ་ལགས་ཀྱི་བརྩེ་བའི་ཞལ་ཁྱིམ་ལས་གཞན་ཁོང་གིས་ཉོས་པའི་བྱི་རིལ་མངར་མོ་དག་ཡིན་ཏེ། ཁོང་གིས་ཡུལ་ཚོའི་ནང་འགྲོ་ཐེངས་རེར་ང་ལ་ལེགས་སྐྱེས་ཤིག་མི་ཉོ་བའི་དུས་ནི་ཤིན་ཏུ་ཉུང་། དེ་བས་བྱིས་པའི་དུས་སུ་བྱི་རིལ་མངར་མོས་ནམ་ཡང་པཱ་ལགས་ཀྱི་བྱམས་བརྩེ་མཚོན་ཡོད་ཅེས་བཤད་ཆོག
    ངས་ནམ་ཡང་རང་ཉིད་ནི་ལས་བསོད་ཅན་གྱི་མི་ཞིག་ཡིན་པར་འདོད་དེ། ཏག་ཏག་ང་རང་སྐྱེ་བའི་དུས་ནི་རིག་གནས་གསར་བརྗེ་ཆེན་པོ་རྫོགས་རྗེས་ཀྱི་ལོ་རྗེས་མའི་ནང་ཡིན། རྗེས་སུ་ཤེས་པ་ལྟར་ན། ངེད་ཚང་ནི་སྡེ་བའི་ནང་གི་གྲལ་རིམ་ཆེས་མཐོ་ཤོས་ཡིན་པས་དེ་ལས་སྔ་བར་སྐྱེས་ཚེ་མུ་གེ་དང་རྒྱུ་རྐྱེན་གཞན་གྱི་རྐྱེན་པས་ལྔ་ལམ་དུ་གྱུར་མི་འགྲོའམ་སྙམ།
    གོང་གི་པར་དེ་མ་བརྒྱབ་པའི་སྔོན་ཏག་ཏག་ལ་ངེད་ཚང་ལྷ་སར་ཐེངས་གཅིག་སོང་ཞིང་དེ་ལ་བརྟེན་ནས་བཟའ་མི་ཚང་མའི་དད་པའི་སྐོམ་གདུང་ཡང་རྩ་བ་ནས་སེལ་ཡོད་པ་སྨྲོས་ཅི་དགོས། ངེད་ཚང་དང་སྡེ་བའི་ནང་གི་ཁྱིམ་ཚང་མང་པོ་ཞིག་དངོས་ཟོག་དབོར་བྱེད་ཀྱི་རླངས་འཁོར་ཆེན་པོ་ཞིག་གི་ཟོང་སྒམ་དུ་བསྡད་པ་དང་། ང་ནི་པཱ་ལགས་ཀྱིས་སློག་པའི་རུམ་དུ་བཅུག་ཅིང་སློག་པ་ཆུང་སྟེ་ང་རང་ཆེ་དྲགས་པའི་དབང་གིས་ཁོང་གིས་དཔུང་བ་གཡས་པ་ལམ་གང་བོར་གྲང་ངར་གྱི་ཁྲོད་ནས་དམར་རྗེན་དུ་ཕུད་པ་རེད། དེ་མཚུངས་སུ་ཨ་མ་ལགས་ཀྱིས་ཀྱང་ལམ་གང་བོར་སྐབས་དེར་ལོ་གཉིས་ཡིན་པའི་བདག་གི་སྲིང་མོ་རུམ་དུ་བཅུག་ཡོད། དེ་དུས་ངེད་ཅག་གིས་མཇལ་སྐོར་བྱས་སའི་ལྷ་ས་དང་། རྭ་སྒྲེང་། གཙང་བཀྲ་ཤིས་ལྷུན་པོ་སོགས་ག་འདྲ་ཡིན་པ་གཏན་ནས་མི་དྲན་མོད་འོན་ཀྱང་ཇོ་ཁང་དུ་ཕྱག་མཛུབ་ཆད་ཟིན་པའམ་ཆད་ལ་ཉེ་བའི་འཇིམ་སྐུ་རེ་ཡོད་པ་དང་། དགོན་པ་ག་གེ་མོ་ནས་གྲྭ་བ་ཚོའི་ཕྱོགས་སུ་ལག་ཟུང་བསྲིང་ཚེ་བྱི་རིལ་སེར་བོ་རེ་སྟེར་བ་སོགས་ཝ་ལེར་དྲན།
    གོང་གི་པར་དུ་ལེན་མཁན་ནི་ང་ལ་ཤིན་ཏུ་གཅེས་པའི་ཕུ་བོ༼ཁོང་ངའི་ཕུ་བོ་ངོ་མ་མིན་ཡང་པཱ་ལགས་ཆུང་ངུའི་དུས་ནས་བཟུང་ཁོང་ཚང་ནས་འཚར་ལོངས་བྱུང་བས་ཕན་ཚུན་ལ་འདང་ཤིན་ཏུ་ཆེ༽ཞིག་ཡོད་པ་དེ་ཡིན་ཞིང་ཁོང་ནི་སྐབས་དེར་ཕོ་ལོ་ཉི་ཤུར་བུད་མ་ཐག་པའི་ཕོ་གསར་ཅིག་སྟེ། ཅི་ཞིག་གི་རྐྱེན་པས་ཡིན་པ་མི་ཤེས་མོད་སྐྱེ་གཟུགས་ལེགས་ཤིང་ཚོང་ལས་ལ་ཤིན་ཏུ་མཁས་པ་ཞིག་ཡིན། ང་རང་དམའ་འབྲིང་གི་སློབ་མ་ཡིན་དུས་སུ་ཁོང་འཁོར་བགེགས་གི་རྐྱེན་པས་ཚེ་ལས་འདས་པ་དང་། བདག་ནི་མིག་ཆུ་འཛད་མཐའ་མེད་པ་ཞིག་དང་ལྷན་དུ་མི་ཚེ་འདིའི་སྡུག་བསྔལ་ཅེས་པ་དེ་དོན་ངོ་མ་ཅི་འདྲ་ཞིག་ཡིན་པ་ལ་ངེས་ཤེས་འདྲོངས་པར་གྱུར།
   པར་དེ་ལེན་དུས་བདག་གི་ཨ་ནེ་ལགས་ཀྱིས་པར་ཆས་ཀྱི་རྒྱབ་ནས་དབྱུག་པ་ཞིག་དྲང་མོར་གྱེན་དུ་བཙུགས་ཤིང་པར་ལེན་དུས་དབྱུག་པ་དེར་ལྟོས་ཞེས་སྨྲས་པ་དྲན་ལ་པར་བརྒྱབ་མ་ཐག་བདག་གིས་པར་ཞེས་པ་དེ་ཅི་འདྲ་ཞིག་ཡིན་པ་དང་། དེ་འཁྲུད་པ་ཞེས་པའང་ཅི་འདྲ་ཞིག་ཡིན་པ། དེ་ཉིད་ནམ་ཞིག་གི་ཉི་མར་མཐོང་ཐུབ་པ་སོགས་སེམས་ནས་རྟོག་བཏགས་མང་པོ་བྱས་ཡོད་པ་གདོན་མི་ཟ།
   དེ་ནས་བཟུང་སྟེ། ཁོང་གི་པར་ཆས་དང་། པཱ་ལགས་ཀྱི་སྒྲ་སྡུད། ཨ་ཞང་གི་སྒྲ་ཕབ་སོགས་འཕྲུལ་ཆས་ཀྱི་རིགས་དེ་དག་གིས་བདག་གི་མིག་གི་བརྟན་པ་དབང་མེད་དུ་འཕྲོག་པར་གྱུར་ཅིང་རྗེས་སུ་ཁོམ་གླགས་ཅུང་ཙམ་ཡོད་པའི་དུས་ནས་ཐེངས་མང་པོར་གྲི་ཆུང་ཞིག་ཁྱེར་ཏེ་པཱ་ལགས་ཀྱི་སྒྲ་སྡུད་ཀྱི་ཁ་ཕྱེ་ཨེ་ཐུབ་བལྟས། ལྷག་པར་དུ་པཱ་ལགས་པེ་ཅིང་ལ་པཎ་ཆེན་རིན་པོ་ཆེར་འཚམས་འདྲིར་འགྲོ་དུས་ཉོས་ཡོང་བའི་སི་ཝི་སིའི་ཆུ་ཚོད་རྩ་ཆེན་ཞིག་ཡོད་པ་དེ་ཕྱི་བསློག་ནང་བསློག་བྱས་ནས་དེའི་ལྷུ་ལག་དག་ཕྱིར་ནང་དུ་འཇུག་ཐབས་མེད་པ་ཞིག་ཀྱང་བྱས་མྱོང་། དེ་ལྟ་ནའང་པཱ་ལགས་ཀྱིས་ཕངས་པའི་རྣམ་འགྱུར་ཙམ་བསྟན་པ་ལས་ང་ལ་ཚིག་ངན་ཙམ་ཡང་བརྗོད་མ་བྱུང་། ཞིབ་ཏུ་བསམ་ན་ཁོང་གིས་ང་རང་གཅེས་ལངས་སུ་བཏང་བ་དེ་རྗེས་མར་བདག་གིས་རང་འདོད་དུ་བསམ་གཞིགས་མང་པོ་གཏོང་ཕོད་པའི་མཐུན་རྐྱེན་དུ་གྱུར་ཡོད་ངེས། རྗེས་སུ་པཱ་ལགས་དང་། ཁུ་བོ་དང་། རྨོ་མོ་སོགས་ཀྱིས་ས་ཐག་རིང་དུ་འགྲོ་ཐེངས་རེར་ང་ལ་རྩེད་སྤྱད་ཀྱི་མེ་མདའ་སྣ་ཚོགས་ཉོས་ཡོང་། ༼དེ་ནི་ཁོང་ཚོའི་མི་རབས་སྔོན་མས་མེ་མདར་བརྟེན་ཏེ་མི་ཚེ་བསྐྱལ་བས་ཡིན་པ་འདྲ༽ ཨ་ཕ་ཡུལ་གཞན་དུ་སོང་བའི་ཉིན་ཞིག་ལ། བདག་གིས་རྩེད་སྤྱད་དེ་དག་ཨ་མ་ལགས་ཀྱིས་མི་མཐོང་ས་ཞིག་ནས་ཕྱོགས་གཅིག་ཏུ་བསྡུས་པ་དང་། དེ་ནས་གྲི་ཆུང་ཐོགས་ཏེ་དེ་དག་གི་གཟེར་མ་རྣམས་རེ་རེ་བཞིན་བླངས་ནས་ཁ་ཕྱེ་བ་ཡིན། ཡིན་ནའང་ཕྱིར་ཇི་ལྟར་འཇུག་དགོས་པ་གཏན་ནས་མི་ཤེས་པས་དེ་དག་ཐམས་ཅད་འཕྱི་ཁུང་ཞིག་གི་ནང་དུ་སྤུངས་ཏེ་བུད་ཡོང་། ཕྱིར་ཁྱིམ་དུ་ཡོང་རྗེས་ཨ་མ་ལགས་ཀྱིས་བཀྱོན་ཡོད་མེད་དྲན་གྱི་མི་འདུག རིགས་པས་དཔྱད་ན་བཀྱོན་མེད་དེ་མོ་ནི་གཤིས་ཀ་འཇམ་ཞིང་རང་གི་བུ་ཕྲུག་གི་འདོད་པ་དང་བསྟུན་མཁས་པ་ཞིག་ཡིན། བདག་གིས་སྐབས་འགར་དོན་འགའ་ཞིག་པཱ་ལགས་ཀྱི་ཞུ་མ་ཕོད་ཚེ་ཐོག་མར་མོ་ལ་བཤད་པ་དང་། དེ་ནས་མོས་པཱ་ལགས་ལ་བཤད་ངེས།
   འདྲ་པར་འདིའི་གཡོན་ཕྱོགས་སུ་ཡོད་པ་ནི་དེང་སྐབས་ལྷ་སར་གཞིས་ཆགས་པའི་གླུ་བ་རྡོ་བསྟན་པ་དར་རྒྱས་ལགས་ཡིན་ཞིང་ངེད་གཉིས་ཀྱི་ཨ་མ་གཉི་ག་ནི་ཁྱིམ་གཅིག་གི་བུ་མོ་སྤུན་ཡིན། ངེད་གཉིས་ན་ཟླ་ཡིན་ནའང་སྐབས་དེར་ཁོང་ང་ལས་གཟུགས་ཐུང་། ལོ་བཅོ་ལྔ་དང་བཅུ་དྲུག་གི་སྐབས་སུ་ཁོང་གི་གཟུགས་ང་ལས་རིང་བར་གྱུར་ནའང་ཡུན་གྱིས་ང་སླར་ཡང་ཁོ་ལས་རིང་བར་གྱུར། ཆུང་ངུའི་དུས་སུ་ཁོང་ནི་བྱིས་པ་པྲ་ཆལ་ཞིག་ཡིན་པ་དང་། ནམ་ཡང་རང་གི་དགའ་ཕྱོགས་དེ་དག་གཙིགས་སུ་འཛིན་པ་ལས་གཞན་གྱི་བསླབ་བྱར་རྣ་བ་ལེགས་པོར་མི་གཏོད། དམའ་འབྲིང་གི་ལོ་ངོ་གསུམ་པོར་ངེད་གཉིས་ཞང་བོ་ཚང་ནས་བསྡད་ཅིང་མཚན་མོར་ངས་བློ་རིག་བསྒྲིམས་ཏེ་དཔེ་དེབ་ལ་ལྟ་བའི་སྐབས་སུ་ཁོང་གིས་དབྱངས་རྟ་གསར་བ་རེ་བརྩོམ་དགོས་ཟེར་ནས་སྒྲ་སྙན་རྡུང་བར་བྱེད། དགའ་ཁ་འཁྱེར་ཕྱོགས་མིའདྲ་བའི་དབང་གིས་ངེད་གཉིས་ཀྱི་བར་དུ་ཚིག་རྩོད་མང་པོ་ཤོར་མྱོང་བ་དང་སྐབས་འགར་མལ་ཁྲིའི་སྒང་ནས་ཁུ་ཚུར་གཡུག་རེས་བྱས་ཏེ་འཁོན་འཛིང་ཡང་བྱས་མྱོང་།
    ད་ལྟ་ནི་དེང་རབས་ཀྱི་འཕྲུལ་འཁོར་གསར་བའི་རིགས་དེ་དར་ཆེ་ནས་ཉིན་རེར་པར་སྟོང་ཕྲག་གཅིག་བླང་བསམ་ཡང་རང་གི་འདོད་མོས་ཡིན་མོད་འོན་ཀྱང་བྱིས་པའི་དུས་ཀྱི་པར་དེ་འདྲ་གཅིག་ཀྱང་ལེན་པར་མི་ནུས། དུས་ཚོད་ཀྱི་ཐག་པས་མི་རྣམས་རྒས་པའི་དོང་དུ་ཤུགས་ཀྱིས་དྲུད་དེ་མཛེས་ཤིང་ཡིད་དུ་འོང་བའི་སྔོན་གྱི་དོན་མཐའ་དག་བརྗེད་ངེས་ཀྱི་ཀློང་དུ་སྐྱེལ་བར་བྱེད། མི་ཚེའི་དཀྱོགས་མཚམས་ཤིག་ནས་ཕྱོགས་བཞིར་མིག་གིས་མྱུལ་ཚེ། དོན་དུ་རང་སེམས་ལ་དྲོད་སྣང་སྟེར་བྱེད་དེ་ཐག་རིང་གི་ཕུགས་འདུན་དེ་ཡིན་པའམ་ཡང་ན་བྱིས་པའི་དུས་ཀྱི་རྩེད་ར་དེ་ཡིན་པ་གསལ་བོར་སྨྲ་ཐབས་བྲལ། དེ་ལྟར་ཐེ་ཚོམ་གྱི་ངང་དུ་ཅི་བྱ་གཏོལ་མེད་དུ་ལུས་དུས་རང་ཉིད་ངོ་མ་དེ་ལམ་ཕྱེད་ཅིག་ནས་བོར་བརླག་ཐེབས་སོང་བའི་ཚོར་བའང་ཤུགས་ཀྱིས་འབྱུང་ངོ་།།
                                                   ༢༠༠༡༡ལོའི་ཟླ་༡༢པའི་ཚེས་༣༠ཉིན།
                                               ༼རྩོམ་འདིའི་པར་དབང་མཚོ་སྔོན་བོད་ཡིག་གསར་འགྱུར་ལ་དབང་བས་གཞན་གྱིས་གང་བྱུང་དུ་མི་སྤྱོད་པར་ཞུ༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།