ཁྲག་བཞུར་བའི་སྣང་འཛིན།

  སྐུ་ཞབས་སེར་པོ་ནི་གློག་ཀླད་ཀྱི་པར་སྒོ་བརྒྱུད་དེ་བརྩེ་དུང་འཚོལ་བའི་སྐྱེ་བོ་ཞིག་ཡིན་ལ། ཁོའི་གསང་བའི་བརྡ་རྟགས་ནི་༼སེང་གེའི་སེམས༽ཞེས་པའི་གཞུང་ལུགས་ཀྱི་འགན་ཁུར་ཡོད་པ་ཞིག་ཡིན། ཡིན་ནའང་སེར་པོའི་སེམས་སུ་དེ་ནི་ནམ་ཡིན་ཡང་འདོད་སྲེད་ཀྱིས་བསླངས་པའི་ལྟས་ངན་པ་ཞིག་ཏུ་བརྩི་བ་ལས་གཞུང་ལུགས་ཀྱི་རྒྱབ་རྟེན་ཞིག་ཏུ་རེ་བ་བྱེད་ཀྱིན་མེད།
   དཀར་པོ་ཞེས་པའི་བུ་མོ་ཞིག་ལ་སྙན་ངག་པའི་ཆོ་ལོ་སྤྲད་པ་ནས་བཟུང་སེར་པོའི་སེམས་ལའང་དོགས་པ་གཞན་ཞིག་གི་སེམས་ཁྲལ་སྐྱེས་ཡོང་། སེམས་ཁྲལ་འདི་ནི་སེར་པོ་ལ་མཚོན་ན་ཆེས་སྡུག་བསྔལ་ཆེན་པོ་ཞིག་སྟེ་རང་ཉིད་ཀྱི་ཡོད་ཚད་ལ་རང་སྲོག་ཐེངས་ཤིག་བཅད་པའི་ཉམས་སྣང་རྒྱས་ཡོད། སྡུག་བསྔལ་འདི་ཁོའི་འགྲན་སེམས་དང་ཕྲག་དོག ཡིད་མུག་བཅས་ཀྱིས་བསླངས་པའི་སྡུག་འབྲས་ཤིག་སྟེ་འཇིག་རྟེན་གནམ་གྱི་འོག་ན་རང་ཉིད་ལ་མཐོང་ཆུང་བྱས་མཁན་ཞིག་ཡོད་པ་ནི་དཀར་པོ་ཞེས་པའི་བུ་མོ་འདི་ཡིན་སྙམ་ཡོད་པས་རེད།
    གློག་ཀླད་ལས༼ངས་རང་གི་ཡོད་ཚད་གཞོན་ནུ་མའི་ལག་པ་བཞིན། མཆུ་སྒྲོས་བཞིན། འཇམ་ལྷོད་ཀྱིས་ཁྱོད་ཀྱི་གདོང་ལ་བརླན་པར་སྦྱོར་དུས། ད་གཟོད་ཁྱོད་ལ་སེང་གེའི་སེམས་ཡོད་པ་དྲན་བྱུང་། ༽ཞེས་འཆར་འདུག་པས། སེར་པོས་རང་ལ་ཚེ་སྲོག་གི་འཕར་རྩ་འགག་པར་བྱ་བའི་གནོད་བྱེད་ཀྱི་ནད་ཡམས་ཤིག་གིས་ཀུན་ནས་བཅིངས་འདུག་པ་གསལ་རྟོགས་བྱུང་ཞིང་༼སེང་གེའི་སེམས༽ཚུགས་ཡོད་པར་ཞེ་སྡང་སྐྱེས།
     སྐབས་འདི་ལ་སེར་པོས་ཀྱང་ཀླད་པ་འགུལ་ཤེས་སོང་། ཁོའི་དུང་དཀར་ཞེས་པའི་ལས་གྲོགས་ཤིག་ལ་སྔར་གྱི་སྙན་ངག་ཚན་པ་དེ་ལྟ་ཀློག་བྱེད་དུ་བཅུག་ནས་རང་གི་ནད་ཡམས་བགོ་འདོད་ཀྱི་འདོད་བློ་ངོམས་ཡོད་འདུག དུང་དཀར་ནི་ལས་གནས་སྤར་དེ་དུར་སློག་མཁན་གྱི་བྱ་བར་བྲེལ་རྐྱེན་ཁོའི་གཞུང་ལུགས་ཞེས་པའི་བརྡ་ཆད་དེ་འདམ་རྫབ་ཉག་ཉོག་ཅིག་ཏུ་མཐོང་ཡོད་ཅིང་། ཐ་ན་སྙན་ཚིག་ནང་གི་༼བཞིན༽ཞེས་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་དེའི་ཤུགས་བསྟན་ཡང་རོ་སྒམ་བཟོ་བྱེད་ཀྱི་རྒྱུ་ཆ་ཞིག་ལ་ངེས་བཟུང་ཡོད། རྐྱེན་འདི་དག་གི་དབང་གིས་སེར་པོ་ཤིན་ཏུ་ཁྲོས་ཤིང་རང་གི་གསང་བའི་བརྡ་རྟགས་༼སེང་གེའི་སེམས༽ཞེས་པ་མེད་བརླག་ཏུ་གཏོང་རྒྱུ་ཡིན་ཞེས་དྲ་བར་བརྡ་ཁྱབ་བཏང་བས། ཉིན་ཤས་རྗེས་ཀྱི་གསར་འགྱུར་ལས་སྲས་མོ་དཀར་པོ་གཉེན་སྒྲིག་བྱ་རྒྱུའི་བརྡ་སྦྱོར་ཐོན་བྱུང་། ཡིན་ནའང་སྐུ་ཞབས་སེར་པོ་ཁོང་མཚན་མོ་དེ་གར་རང་ལ་ལྐོག་ཤི་ཐེབས་ཏེ་གློག་ཀླད་ཀྱི་མདུན་སར་ལྔ་ལམ་དུ་གྱུར་བས་ན་བཤད་ཚུལ་ཡང་མང་པོ་ཞིག་བྱུང་ཡོད།
     ལ་ལ་ཞིག་གིས་བཤད་ན་ཁོའི་མནའ་ཟོས་པས་ད་གཟོད་གཞུང་ལུགས་ཀྱིས་བསད་པ་རེད་ཟེར། ལ་ལ་ཞིག་གིས་བཤད་ན་ཁོ་བུ་མོ་ཞིག་གི་བསླུ་བྲིད་ཀྱིས་རང་སྲོག་བཅད་སོང་ཟེར། ཡང་ལ་ལ་ཞིག་གིས་བཤད་ན་དུང་དཀར་ཟེར་བའི་ལག་ཤེས་བཟོ་བ་ཞིག་གིས་ཁོ་རོ་སྒམ་སྟོང་བ་ཞིག་ཏུ་བརྗེ་བྱུང་ཟེར།
    འོན་ཀྱང་སེར་པོ་ཤི་ཁར་ཁོའི་ཀླད་པར་འཆར་སྲིད་པ་དེ་བུ་མོ་དཀར་བོ་ཡིན་པ་སུ་ལའང་གསལ་ཆ་མེད།
     གང་ལྟར་སེར་པོ་ལ་ཁྲག་དམར་པོ་བཞུར་ནས་ཤི་བ་སུ་ལའང་གསང་ཐབས་མི་འདུག གསང་ཐབས་མི་འདུག །

རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲག་བཞུར་བའི་སྣང་འཛིན།

2011-05-06 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།