སྙན་ངག་རིང་མོ། གནམ་གྱི་ཕྱེད་ཀ
_སྙན་ངག་འདི་གནམ་འོག་གི་བུད་མེད་ཡོངས་ལ་ཕུལ་བ་ཡིན།
གླེང༌།
ལོ་རྒྱུས་ཀྱི་དུད་པ་ཆགས་པའི་ས་གཞིའི་ངོ་གདོང་དང
ཚེ་སྲོག་གི་དུས་ཚོད་སྤུངས་པའི་བར་སྣང་གི་མཛོད་ཁང
ལྷའམ་མི་ཡི་སྐྱེ་རིམ་ལ་ཐོད་གཏུག་པའི་སྒྱུ་འཕྲུལ་གྱི་ནམ་མཁའ་ཆེན་པོ་དག་ནི
དུས་གསུམ་གྱི་བཞུར་ཆུའི་ཀློང་ན་འཚོ་བའི་སྐྱེས་པོ་སུ་ཞིག་གི
ཤ་རུས་ཀྱི་སྒྲིག་གཞི་འདི་ལ
ཆེས་མེད་དུ་མི་རུང་བའི་རྒྱུའམ་རྩ་བ་དེ་ཡིན་ན
འདི་ལ་བརྩེ་ཞེན་གྱིས་བཏེགས་པའི་སྙན་ཚིག་གི
མཆོད་པ་མི་འབུལ་མཁན་སུ་ཞིག་ཡོད་དམ
ཡིན་ནའང ར་བཟི་བའི་འཕྲུལ་སྣང་གིས
མི་གཤིས་ཀྱི་ཚོས་ཁ་ནག་པོར་བཟོས་ཏེ
རྟོག་ལྡང་གི་འདོད་ཧམ་ཁོ་ནས
རང་གི་མིག་ཟུང
ཤ་མིག་ལས་ལོགས་སུ་ཐ་དད་པར་བཟོས་པའི་དུས་སྐབས་གང་རུང་ཞིག་ལ
ངའི་ཁོད་ཆུང་བའི་ཀླད་རུས་ཀྱི་ཀློང་དུ
ནམ་ཡང ཁོ་མོའི་ལུས་བོངས་ཀྱི་ཆ་ཤས་རེ་རེ་རླུང་གིས་བསྐྱོད་ཚུལ་ལྟར
འཕྱོ་བཞིན འཕྱོ་བཞིན
ལུས་སེམས་ཀྱི་གཏིང་རིམ་དུ་སྐུང་ཡོང་ཞིང
རྒྱ་ཆེ་བའི་ས་གཞི་འདི་དང
ཁོད་ཡངས་པའི་ནམ་མཁའ་འདི
གཞན་ཡང་འཚོ་བཅུད་ཀྱི་སྙིང་བོ་འཁུར་བའི་བར་སྣང་ཆེན་པོ་འདི་དག་ཚང་མ་ནི
ངེད་གཉིས་ཁོ་ནའི་ཆེད་དུ་བཞེངས་པའི་བརྩེ་ར་ཆེན་པོ་ཞིག་ཏུ་མིན་ནམ་སྙམ་བྱུང
ངོ་མ མི་ལུས་ཀྱི་གྲིབ་མས་བརླན་ཚར་བའི་ས་གཞི་འདི་ལ
ཁོ་མོའི་དཀར་འཇམ་གྱི་ལུས་གཟུགས་ཇི་ལྟ་བུ་ཞིག་གིས
ཡོངས་སུ་རྩུབ་བརྡར་བྱས་ཚར་ཞིང
ཁོ་མོའི་ལྷན་སྐྱེས་ཀྱི་རྒྱུ་ནོར་ལ་རིག་པའི་མིག་ཟུང་དང་མཁུར་ཚོས
མཆུ་སྒྲོས མྱོས་བུམ མཚན་མ་དག་གིས
ཡང་དང་བསྐྱར་དུ་བརླན་པ་ཡིན་ན
ཤེས་རབ་དང་བརྩེ་དུང
ཞི་བདེ་དག་གི་མཚོན་དོན་དུ་གྱུར་བའི
མེ་ཏོག་ཅི་འདྲའི་མང་པོ་ཞིག
ས་ཁར་བཞད་ངེས
(མེ་ཏོག་དེའི་མིང་གཞན་ལ རྗེས་དྲན་གྱི་རྐང་རྗེསའང་ཟེར)
ཁོ་མོའི་སྨྲ་བརྗོད་ལས་ཡོངས་སུ་འཕྲོས་པའི་བརྩེ་ཆུའི་བཞུར་རྒྱུན་དང
བདག་གི་འདོད་གཏམ་འཐུང་བའི་སྐོམ་པ་ཡོད་ཚད
སྟོང་སང་སང་གི་བར་སྣང་འདིའི་ཁ་དབུགས་ཁྲོད་འཐིམ་ཡོད་ན
ངའི་སྐོམ་ཚད་ཀྱིས་མནར་བའི་མགྲིན་པ་རིང་མོར་བསྲིངས་ཏེ
དབུགས་ཀྱི་རྒྱུ་བ་འགག་པའི་བར་དུ
ཁོ་མོའི་དྲི་མ་བླུགས་པའི་ཁ་དབུགས་འདི
ལན་གྲངས་ག་ཚོད་ཅིག་གཞིབས་ཚར་རམ
ཁོ་མོས་རང་སེམས་ཀྱི་གཞས་ཆུང་དྭངས་མོ
རྒྱུ་སྐར་གྱི་འདབ་གཤོག་འཁུར་བའི་གཙང་བོ་དེའི་སྒལ་བར་བཙུགས་ཏེ
ཟླ་ཟེར་གྱི་འཛུམ་རླབས་གྱོན་པའི་མེ་ཏོག་གི་གཙང་ཆབ་ཏུ་དབོར་ན
ཕྱོགས་སོ་སོའི་ཉི་འོད་ཀྱིས་ཟིན་པའི་གསང་བ་རེ་རེ་ནི
ཁོ་མོའི་ལུས་ངག་གི་གྲུབ་ཆར་ཐེ་བའི་མཛེས་སྡུག་གི་གཏམ་རྒྱུད་རེ་རེ་ཡིན་པས
གར་སྟེགས་ཤིག་གི་ཚུལ་དུ་གཟིམ་པའི་ནམ་མཁའ་ཆེན་པོ་འདི
ངས་ཁོ་མོར་གནང་བའི་རང་སེམས་ཀྱི་གདུང་བ་མཚོན་བྱའི
མེ་ལོང་ཞིག་ཏུ་གྱུར་ན་ཅི་མ་རུང་ཨང
ལེའུ་དང་པོ།
ཟླ་བ་སྐྱེངས་ཟོལ་གྱིས་དམར་བོ་འཛུམ་པའི་མཚན་ལྗོངས་ཤིག་ལ
ངའི་མི་ཡུལ་གྱི་ཡོད་ཚད་ཅིག་གི་གསང་བ་གཏོགས་སོང
གསང་བའི་ལྷག་བསམ་གྱི་མིག་ཆུ
སྐར་ཚོམ་གྱི་མིག་ཀོང་ནས་ལྷུང་དུས
སྔོན་བརྡ་མེད་པའི་ཁྱོད་ལུས་ཀྱི་གྲིབ་རིས་གསལ་བོ་དེ
ཟླ་འོད་ཀྱི་འཁྲི་ཤིང་ལ་བསྙེས་པའི་སྐར་མའི་རལ་གྲི་འདྲ
སྐར་མ སྐར་མ
རྨི་ལམ་གྱི་མཁའ་དབྱིངས་ན་ལྷོད་ཀྱིས་འཛུམ་པའི་སྐར་མ
བརྩེ་དུང་གི་གཤོག་ཟུང་དལ་བུར་བརྐྱངས་པའི་སྐར་མ
སྐྱ་རེངས་དང་ལྷན་དུ་རྒས་ཤིང
ས་སྲོད་ལས་བསྐྱར་དུ་གསོན་དུས་ཤིག་ལ
ཁྱོད་ཀྱི་གོང་བུར་གྲུབ་པའི་འོད་ཐིག་རེ་རེ་ནི
བདག་གི་བྱམས་དུང་གི་བརྩེ་བར་འཐམ་པའི་སྒྱུ་འཕྲུལ་གྱི་བརྩེ་ར་རེ་རེ་ཡིན
བྱུར་ཆུང་ཞིག་དང་དབྱེར་མེད་པའི་བརྩེ་ར་དེའི་ཀློང་ན
བདག་གིས་ཁོ་མོར་ཕུལ་བའི་མེ་ཏོག་གི་མགུལ་རྒྱན་དེ་ལུས་ཡོད་ཅིང
བྱིས་དུས་ཀྱི་དྲོད་འཇམ་ལ་བརྩེ་འདུན་གྱི་ཆར་ཆུས་བརླན་པ་ཡི
ཆེས་ཆུང་ཆུང་ཆུང་ཆུང་གི་རྐང་རྗེས་མི་འདྲ་བ་གཉིས་ཀྱང
ལྷ་སྒྲུང་ཞིག་གི་རང་སྣང་ལས
མཛེས་སྡུག་གི་ས་གཞི་འདི་ལ་འཕྱོར་སྒེག་གི་རྒྱན་དུ་འཕྲོས་ཡོད
"ཡར་ངོས་ཟླ་བ་ཤིང་གྲུ་ཆུང་ཆུང་འདྲ།།
སྣེ་གཉིས་རྣོ་ལ་ར་ཅོ་བཞིན་དུ་གུག །
ང་ཡང་གྲུ་དེར་བསྡད་དེ་ནམ་མཁར་སྐྱོད། །
སྔོ་བསངས་གནམ་ནས་སྐར་འོད་འཚེར་བ་མཐོང༌། །"
ཁྲག་དམར་གྱི་ལྟེང་ཀའི་ས་བོན་དུ་ཐེ་བའི་གླུ་ཚིག་ཅིག་དང་མཉམ་དུ
འཚོ་བའི་མེ་ཏོག་གི་སྨྱུག་གསར་འབུས་པའི་སེམས་པ་གཉིས
དྭངས་གཙང་གི་དགོད་སྒྲ་དང་ལྷན་དུ་འདབ་མ་རྒྱས་ཤིང
ཡ་མཚར་བའི་བྱིས་དུས་ཀྱི་བརྩེ་ར་བསྐྱུར་ཏེ
དབྱངས་གསལ་གྱི་བརྗིད་ཉམས་ཁུར་བའི་འཇིག་རྟེན་ཞིག་ལ
ག་ལེར་ག་ལེར་རྐང་ཆུང་གི་གོམ་འགྲོས་བསྒྱུར
གདངས་དབྱངས་ཀྱི་འགྱུར་ཁུག་ལེགས་པའི་སྙན་གླུ་དེ
རྡོ་ཆས་ཀྱི་རྩེད་ར་དང
མེ་ཏོག་གི་ཁྱིམ་གཞིས་ལས
ལོགས་སུ་ཐ་དད་པའི་དུས་སྐབས་དེ་ནས་བཟུང
ངའི་ཤེས་རབ་དང་བློ་སྤོབས་ཡོངས་སུ་བསྡུས་ཏེ
འདར་བཞིན་པའི་ཞ་སྨྱུག་དེའི་ཚེ་སྲོག་གིས
དབྱངས་གསལ་ལ་ཚིག་གྲོགས་བཙལ་བ་ནི
ལུས་ངག་གི་གྲུབ་ཆ་རེ་རེ་ཡང
སྙན་ངག་གི་ལྷུ་རྐང་རེ་རེར་གཏོགས་པའི
ཁོ་མོ་ཞིག་སྟེ
སྙིང་ཉེ་བའི་"བསོད་ནམས་སྒྲོལ་མ"ཞེས་པ་འདི་ཡིན་ཨང
རེད་ཡ
སྨིན་དྲགས་པའི་དུས་ཚིགས་ཡོད་ཚད་སྐར་འབྲས་ལ་གཏད་ཅིང
བློར་ངེས་པའི་ཡིག་ཕྲེང་མཐའ་དག་དགེ་རྒན་ལ་སྐྱོར་དུས་སུ
མངོན་ལྐོག་གི་འཐབ་འཛིང་གང་ཞིག་གི་ཁྲོད་ནའང
བདག་མ་རྨས་པའི་བྱུང་བ་མེད་ལ
མོས་མ་སྐྱབས་པའི་གནས་ཚུལ་ཞིག་གང་ན་ཡོད
སྨག་རུམ་གྱི་གཏིང་ཞབས་ནས་ལག་སྙོབས་ལ་བྲེལ་བའི་བདག་གི་རྣམ་པ་དེ
ཁོ་མོས ཐེངས་ཁ་ཤས་སུ་བཟོ་བཅོས་བྱས་ཤིང
རེབ་ཅིག་ཤས་ལ་ནོར་རྟགས་བརྒྱབ་པས་ཀྱང
མཁུར་ཚོས་སྣབས་དང་ཐོད་པ་རྨ་ཤུལ་གྱིས་གང་བའི་“དཔའ་བོ”བདག
རྡུང་རེ་མ་བྱས་པའི་ཉིན་གྲངས་མེད་ལ
སློབ་བྱོལ་མ་བྱས་པའི་གཟའ་འཁོར་ཞིག་གང་ན་ཡོད
སྐབས་དེ་འདྲ་ཞིག་གི་ངང་ཚུལ་གྱིས
ཁོ་མོས་མིག་ཆུ་ཤ་ལེར་བདག་ལ་སེམས་གཏམ་ཇི་འདྲ་ཞིག་བརླན་མྱོང
ཨ་ཨ སྟོན་རླུང་གིས་ཁུར་བའི་ལོ་མ་སེར་པོ
གྲལ་སྒྲིག་པའི་ཁྲུང་ཁྲུང་སྐོར་དེའི་སྨྲེང་གླུ་ཡིས་བསད་ཅིང
བཞུར་གྱིན་པའི་གཏམ་རྒྱུད་དག་ལ་དར་ཁ་འགྲིག་དུས
ཧམ་སེམས་ཀྱིས་རྒས་སླ་བའི་དུས་ཚིགས་ཧྲིལ་བོ་འདི
ངེད་གཉིས་ལ་ཆེད་དུ་བསྐྲུན་པའི་ལང་ཚོའི་འབྲེལ་ཟམ་ཞིག་གམ
ཡང་ན་འཇམ་པོའི་རྨི་ལམ་ལ་དབང་ཤེད་ཀྱི་བཙན་འཛུལ་ཐེངས་ཤིག་ཡིན
དེ་ལྟར་ན་ཡང
བྱིས་པའི་བདེ་སེམས་ཀྱིས་ཁུག་པའི་སྐར་མ་དེ་དང
འོད་ཐིག་གི་གོང་བུ་དེའི་ཀློང་ན
ངའི་བྱིས་དུས་ཀྱི་མདངས་མ་ཡལ་བའི་ཁ་ཚིག་ཅིག
སྲུང་སྐོར་སྲ་མོ་ཞིག་གི་ཚུལ་དུ
ཟླ་འོད་ཀྱི་འཁྲི་ཤིང་ལ་དཔྱངས་ཡོད་པ་ནི
སྙིང་ཉེ་བའི་བསོད་ནམས་སྒྲོལ་མ་ཁྱོད་ཡིན
ལེའུ་གཉིས་པ།
ཟམ་ཟིམ་གྱི་བརྩེ་ཆར་འཇོ་བའི་དགའ་སྟོན་གྱི་དཔྱིད་མགོ་ཞིག་ལ
འདབ་མ་སྟོང་བའི་གསེར་གྱི་ལྗོན་ཤིང་ལ་ལྗང་མདོག་གི་འདབ་ལོ་བཞད་ཅིང
ཟེའུ་འབྲུ་དབེན་པའི་རྩྭ་ཐང་གི་ངོ་གདོང་ལ་མེ་ཏོག་གི་རྒྱན་ཆ་ཐོར་དུས
བདག་གི་བྱམས་བརྩེ་ཡིས་བླུགས་ཤིང་རབ་རིབ་ཀྱིས་བཏུམ་པའི་སེམས་པ་དེ་ཡང
བསིལ་གདུགས་འོག་ན་རྒྱ་སེ་བཞིན་སྣུམ་པའི་ཁོ་མོའི་མཆུ་སྒྲོས་དེས་བསླུས་སོང
དུས་དེ་ནས་བཟུང
བདག་གི་ཡིད་ངོས་ན་འཕུར་བའི་སྐྱིད་སྡུག་གི་རེ་སྨོན་དེ་ཡང
བརྩེ་དུང་གི་མཚོ་མོར་སྐྱོམས་པའི་ངང་ངུར་ཆ་གཅིག་གིས་བཟུང་ཞིང
དོགས་མི་བདེ་བའི་ལང་ཚོའི་སྟོབས་ཤུགས་ཤིག་ཀྱང
བདག་ལུས་ཀྱི་བ་སྤུའི་ཨུ་ཁུང་རེ་རེ་ནས
རོལ་དབྱངས་ཀྱི་སྙན་ཆ་དཀྲོལ་ཀིན
སོང་ཚར་བའི་མིའི་རིགས་ཀྱི་རྐང་རྗེས་དེའི་ཀློང་དུ་འཐིམ
བརྩེ་དུང བརྩེ་དུང
གཡེར་བག་དང་མཉེས་གཤིན་གྱི་ཀློང་ན་རྒོད་པའི་རང་དབང་གི་གླུ་སྒྲ
རྣམ་ཤེས་ཀྱི་རླུང་བུ་འཛིན་པའི་དབང་ཤེས་ཀྱི་མེ་ཏོག
ཁྱོད་ཀྱི་མེ་ཏོག་གི་བཞིན་རས་ལ་བབས་པའི་བརླན་གཤེར་གྱི་བསིལ་བ་རེ་རེ་ནི
བདག་གི་རྩ་ལམ་ན་རྒྱུ་བའི་ཁྲག་རྒྱུན་གྱི་ཐིགས་པ་རེ་རེ་ཡིན
"མིག་གིས་ཕར་ལ་བལྟས་པས། །
སྤྱན་གྱིས་ཚུར་ལ་གཟིགས་བྱུང༌། །
སྤྱན་མིག་གཉིས་ཀྱི་བར་ལ། །
ལས་འབྲས་མདུད་པ་ཐེབས་སོང༌། །"
རྨི་ལམ་དང་འདང་བརྩེ་མཉམ་པོར་དཀྲོལ་བའི་གླུ་སྒྲ་དེའི་ཁྲོད་དུ
ཀླད་དབང་གི་དཀྱིལ་འཁོར་ན་གསལ་བའི་སྒྲོན་མེ་གཉིས
ལྗང་མདོག་གི་ནམ་མཁའ་ལ་གླུ་སྐད་ཀྱིས་ཕྱུག་པའི་འོད་ཟེར་དེའི་དོན་དུ་སྐྱེས
ཕན་ཚུན་ལ་བབས་པའི་སེམས་ཁུར་གྱི་མིག་ཟུང་དེ
བྲང་སྐྱེས་མྱོས་བུམ་གྱི་ལང་ཚོ་ཁོ་ནས་ཆམ་ལ་ཕབ་དུས་སུ
རི་བོང་གི་གཏམ་རྒྱུད་ཐོས་མྱོང་བའི་མགོ་ཐོག་གི་ཟླ་བ་དེ་ཡང
ངེད་གཉིས་ལ་ཐུན་མོང་དུ་བབས་པའི་ལྐོག་ལྟ་བྱེད་སའི་སྒེའུ་ཁུང་འདྲ
བརྩེ་དུང བརྩེ་དུང
ཤིན་ཏུ་ཆུང་བའི་བདེ་སྡུག་གི་རྐང་རྗེས་སྐྱུར་དེ
གཏན་ཏུ་འཇགས་མི་སྲིད་པའི་མེ་ལྕེའི་གྲོང་ཚོ་ཞིག་ལ
དལ་བ་དལ་བུར་སེམས་འདུན་གྱི་བློ་ཁ་ཡོད་ཚད་བཅོལ
འཛུམ་དཀར་ཆུང་ཆུང་གི་ཀློང་ན་འབར་བའི་གཟི་བརྗིད་ཀྱི་མེ་ལྕེ་དེ
ཀ་ཁ་དབྱངས་སུ་གྱེར་བའི་འཚོ་སྟངས་དེ་དང
ཡོངས་སུ་ཐ་དད་པའི་གནས་སྐབས་དེ་ནས་བཟུང
ངའི་ཡིད་སེམས་ཀྱི་སྟོང་ཁམས་ན་བསྐྱོད་པའི་སྙན་ངག་གི་ལྷ་མོ་དེ་ཡང
སྨྱུག་རྩེ་ན་འབར་བའི་སྒྱུ་རྩལ་གྱི་ཞིང་ཁམས་སུ་ལྷགས་ཏེ་
ཐ་སྙད་ལ་ཚིག་རྒྱན་གྱི་དྲ་བ་བསླེས་པའི་ཉ་རྒྱ་དེའི་དོད་དུ་ཚུད
དུས་དེ་ནས་བཟུང
ངའི་སོར་ཆུང་གི་རྩེ་མོ་འགུལ་དུས་ཤིག་དང
སྨྱུག་ཆུང་གི་སྟངས་སྟབས་མངོན་དུས་ཤིག་ལ
དུང་ས་ལེར
རི་ཆེན་གྱི་རྩེ་ནས་མཐོང་ཞིང
ལུང་གསུམ་གྱི་མདོ་ནས་རྙེད་སྲིད་པ་ནི
ཁྱོད་ཀྱི་བཞིན་རས་དང་རྐང་རྗེས
ཁྱོད་ཀྱི་གླུ་སྐད་དང་ངག་ཚིག
ད་དུང སྙིང་ཆུང་གའུ་ཁ་སྦྱོར་གྱི་གདན་ལ་རོལ་བའི་ཁྱོད་ཀྱི་རུས་མིང་སྟེ
སྙིང་ཉེ་བའི་"བསོད་ནམས་སྒྲོལ་མ"ཞེས་པ་འདི་ཡིན་ཨང
རེད་ཡ སོང་ཡང་ཚར་རྒྱུ་མེད་པའི་ལམ་ཕྲན་དག་འཇིག་པའི་བར་དང
འཐུང་ཡང་རྫོགས་རྒྱུ་མེད་པའི་གཙང་བོ་དག་སྐམ་པའི་རག་ལ
ཁྱོད་ཀྱི་བླ་སྲོག་གི་གུར་ཁང་ན་བཞད་པའི་ཉམ་ཆུང་གི་མེ་ཏོག་དེ་དང
བདག་གི་དྲན་པའི་འཇུག་ངོགས་སུ་འཐིམ་པའི་རང་དབང་གི་གསེར་སྦྲང་དེ་གཉིས
དཔྱིད་དཔལ་ལ་གྱེས་ཕྱག་མེད་པར
སྐྱེ་བ་ག་ཚོད་ཅིག་ལ་རྟག་བརྟན་གྱི་བརྩེ་བ་འཆང་མྱོང
དེ་ཡང ཟླ་བ་སྔར་མུས་བཞིན་སྤྲིན་རུམ་ན་འཚེར་བའི་མཚན་མོ་ཞིག་ལ
ཁྱོད་ཀྱི་འཇམ་མཉེན་གྱི་སྐྲ་ལོ་དེ་བདག་གི་བྲང་ངོས་ལ་བརླན་བཞིན
དུང་བའི་མིག་གི་འོད་ཞགས་ལ་སྐྱེངས་པའི་རྣ་ལུང་གི་འོད་གོར་ཅིག་ཕུབ་སྟེ
ངག་དལ་དལ་དང ལུས་འདར་འདར་གྱིས་བདག་ལ་ཅི་ཞིག་འཆད་བྱུང
"ངའི་སྙིང་གི་ཕྱེད་ཀ
ཁྱོད་ཀྱིས་མགོ་བོ་བཏེགས་ལ་ནམ་མཁར་གཟིགས་དང
སྐར་ཚོགས་ཀྱི་དཀྱིལ་དབུས་ན་བརྗིད་པའི་བཅོ་ལྔའི་ཟླ་བ་དེ་ཡང
ཁེར་བཞུད་ཀྱི་འགྲུལ་བསྐྱོད་ལ་དུང་བ་ཇི་འདྲའི་སྐྱོའང
ད་དུང ཞལ་དཀར་གྱི་འཛུམ་ཟེར་འཕྲོ་བའི་ཟླ་བའི་ལྷ་མོ་དང
དགུ་ཚིགས་ཀྱི་བགྲོད་ལམ་ལ་ཅེར་བའི་རི་བོང་དཀར་ཆུང་དེ་གཉིས
ནམ་ཞར་ཡང་སྐྱོ་བ་ལྷང་ལྷང་གིས
མི་ཡུལ་འདིའི
སྐྱོ་གར་གྱི་གཏམ་རྒྱུད་ཇི་འདྲ་ཞིག་ལ་ཅེར་ཡོད་ཨང"
"བདག་སེམས་ཀྱི་སྐར་ཁུང་མ
མགོ་ཐོག་གི་ཟླ་བ་ཁེར་བཞུད་དུ་སྣང་བ་ནི
ངེད་གཉིས་ཀྱི་སེམས་ཆུ་འདྲེས་པའི་བླ་མཚོ་དེའི་བདེན་དཔང་ཡིན་ཞིང
ཞལ་དཀར་གྱི་འཛུམ་ཟེར་འཕྲོ་བའི་ལྷ་མོ་དང་རི་བོང་གཉིས་ཀྱང
སྐར་མ་གླང་རྫི་དང་འཐག་མཁན་གཉིས་ཀྱི་བརྩེ་བར་ཅེར་ཞིང
ལྷ་ཡག་དང་ཀླུ་མཚོ་གཉིས་ཀྱི་དུང་བར་སྐྱོ་ཡོད་པས་ན
འདས་ཟིན་གྱི་བརྩེ་བའི་རྨ་ཁ་དག་མི་གླེང་བར་ཞུ"
"ངའི་ལས་ཀྱི་འཚེར་ཡ
བདག་གི་རྨི་ལམ་གྱི་ཆར་རྒྱུན་ཡོད་ཚད
ངེད་གཉིས་ལ་ཐུན་མོང་དུ་བབས་པའི་འཚོ་བའི་དྲོད་གཤེར་གྱིས་དག་ཅིང
བདག་གི་ཞེ་ལྷོད་པའི་མགྲིན་ངག་གི་གླུ་སྒྲ་དེ་ཡང
སྐད་སང་སིང་གི་ཁྱེའུ་ཞིག་གི་ངུ་སྐད་ཀྱི་བདེ་བའི་དོན་དུ་ཆགས་ཡོད་ན
ཁྱོད་ཀྱིས་བདག་གི་སེམས་པ་ལེན་རོགས"
སྨྲ་བ་ཅི་ཡང་མེད་པར
ཁ་རོག་གེར
ངའི་ཁོ་མོ་བྲང་ཁར་སྦྱར་དུས
གཞི་ནས རང་ཉིད་ཀྱང
རྒྱང་རིང་རྒྱང་རིང་ཞིག་ལ་སོང་ཚར་བ་དྲན་ཡོང
ལེའུ་གསུམ་པ།
མི་ཡུལ་འདི དེ་ལྟར་གློ་བུར་ཞིག་ལ་འགྱུར་སོང
མེ་ཏོག་གི་ཚལ་ལ་བབས་པའི་གསེར་སྦྲང་དག་ཀྱང
རྒྱུན་བཟང་གདོན་གྱིས་བརླམ་པའི་ཁ་ཆར་གྱི་བུ་ཡུག་དེ་ལ་ཞེད་དེ་འཕུར་སོང
འཇོ་སྒེག་གཤིས་སུ་མངའ་བའི་སྙན་ངག་གི་ལྷ་མོ་དེ་ཡང
ལས་དབང་གི་སྔོག་འདོན་ལས་གཏམས་པའི་ཆུང་མའི་མིག་ཟུར་ལ་སྐྲག་བཞིན
སྒྱུ་འཕྲུལ་གྱི་མེ་ལོང་ལས་ཁྲུས་ལ་རོལ་བའི་འདུན་པ་དེ་བསྐྱུར་ནས
རེ་བའི་མིག་ཟུང་མཆུ་མས་བརླན་གྱིན་མཁའ་དབྱིངས་ལ་འཕུར་སོང
ཨ་ཨ ངའི་དུང་སེམས་ཀྱི་རྩིག་མཁར་གཡས་ནས་གཏོར་བའི་ཉེས་ཅན
ངའི་ཤེས་རབ་ཀྱི་སྲོག་རྩ་གཡོན་ནས་བསྲེགས་པའི་ཉེས་ཅན
ཅིའི་ཕྱིར་དུ བརྩེ་བ་ཡོད་ཚད་ཀྱི་ཆུ་རྒྱུན
རྙོག་མའི་རྐ་ཆུ་རུ་གཟེགས་ལ
འབྲས་བུ་མཐའ་དག་གི་བུ་ལོན
སྡུག་བསྔལ་གྱི་ངོ་བོར་འཐིམས་སོང
"རྩི་ཐོག་བ་མོའི་ཁ་ལ། །
སྐྱི་སེར་རླུང་གི་ཕོ་ཉ། །
མེ་ཏོག་སྦྲང་བུ་གཉིས་ཀྱི། །
འབྲལ་མཚམས་གཅོད་མཁན་ལོས་ཡིན།།"
སུས་ཀྱང་འགྲེལ་བརྗོད་དཀའ་བའི་མགུར་དབྱངས་ཞིག་གི་ཕམ་ཉེས་འོག
བྲེལ་དངངས་དང་སྐྱོ་ངལ་གྱིས་འདུར་བའི་སྙིང་གསོན་པོ་གཉིས
དབྱངས་རྟ་རྙིང་བ་ཞིག་གི་དབང་རྩོད་ལས
ཕམ་ཉེས་ཀྱི་ཆོས་ཚུགས་མངོན་པའི་གར་སྟབས་ལ
གོ་རིམ་མེད་པའི་རྒས་ཚུལ་གྱི་གླེང་གཞི་ཐོག་མ་བྲིས
ཨ གཡང་གཟར་གྱི་འབབ་སྟེགས་ན
རང་ཤུགས་ཀྱིས་འཚར་ལོངས་འབྱུང་གིན་པའི་རྒོད་པོའི་ཚོགས་ཡ
མཉེན་འགྱུར་གྱི་འཕུར་སྟངས་ལ་ཤུ་སྒྲའི་གཤོག་པ་མ་འདར་ན
ཁྱོད་ཀྱི་བར་སྣང་ལ་ཕབ་པའི་བདེ་སྡུག་གི་ཆར་བ་དེ་ཡང
ཕོ་མོ་གང་ཞིག་གི་རྨི་ལམ་གྱི་སྔས་གོང་ལས་བཞུར་བའི
མིག་ཆུ་འཁྱག་པོ་དེ་དང་འདྲ་བར
མཚོ་ཆེན་གྱི་སྲོག་རྩར་ཐེ་བའི་ཉ་ཕྱིས་ཀྱི་མངལ་དུ་སྦྲུམ་ངེས
མུ་ཏིག་ཅིག་དང་འདྲ་བའི་མིག་ཆུ་དེ
སྙིང་དང་དེ་ལས་ཉེ་བ་མེད་པའི་བདག་གི་བྲང་ཁར་ཟུག་དུས
འོད་ཀྱིས་སྐྱེན་པའི་སྐར་མདའ་སྟོང་ཕྲག་གཅིག་ཀྱང
མིག་ཆུ་འཁྱག་པོ་དེ་དང་འདྲ་བར་མི་ཡུལ་གྱི་བྲང་གཞུང་ལ་རིག་པའི
མི་རེ་རེའི་སེམས་ལ་ཟུག་ཡོད་ཨང
སྙིང་ཉེ་མ ཁྱོད་ཀྱིས་ང་ལ་བཤད་མྱོང
"གལ་སྲིད་འཇིག་རྟེན་འདིའི་ཚ་ཟེར་གྱི་ཉི་མ་དེ་མ་གཟིམ་ན
ཁྱོད་ཀྱིས་ཉི་འོད་ཀྱིས་བསྐྱངས་པའི་མེ་ཏོག་སྟོང་ཕྲག་གཅིག
བདག་ལ་ཉིན་གྲངས་སུམ་བརྒྱ་དྲུག་ཅུའི་དུས་བཅད་སྟར
དབྱར་དགུན་སྟོན་དཔྱིད་ཀྱི་གོ་རིམ་མེད་པར
རྐང་རེ་རེ་བཞིན་འཛུམ་པའི་ཞལ་གྱིས་འབུལ་ངེས་ཟེར"
འོན་ཀྱང དུས་ད་ལྟ
ཁྱོད་འགྲོ་སའི་ལམ་ཁ་དེ་དང་ཟུར་ཁ་དེ
ཁྱིམ་གཞི་དེ ཡོད་ཚད་ཅིག་གི་གོ་རིམ་ཚང་མར
དུང་སེམས་ཀྱི་སྣང་བ་དཀྲུགས་པའི་དགོས་མེད་ཀྱི་དངོས་བོའི་གང་ཞིང
ལང་ཚོ་བརྐོ་བའི་སྡུག་རྩུབ་ཀྱི་ལག་པ་ཞིག་གིས
ཁྱོད་ཀྱི་ཟླ་བ་བཞིན་གསལ་ཞིང་དྭངས་པའི་ངོ་གདོང་ལ
ལོ་ཟླའི་ཤུལ་རྗེས་གསལ་བའི་གཉེར་རིས་ཀྱིས་རྨ་ཁ་བཏོད་ཅིང
འདོད་བློས་ཟོས་པའི་སྡིག་པའི་མེ་ཏོག་ཅི་སྙེད་ཅིག་ལས
ངའི་ཡིད་བརྙན་གྱི་འདུ་ཤེས་འཛིན་ཐུབ་པའི་མེ་ཏོག་ཅིག་གང་ན་ཡོད
ངོ་མ ངའི་འཆར་ཡན་གྱི་སྣང་བར་ཐེ་བའི་ཡུལ་ལྗོངས་ཧྲིལ་བོ
ཤིན་ཏུ་མགྱོགས་པའི་རླུང་འཚུབ་གྱི་བྱེ་སྒང་སྐོར་ཅིག་གིས་བཅོམ་སོང
ད་དུང གཉེན་སྒྲིག་གི་ནངས་མོ་དེར་ཡང
ཁྱོད་ཀྱིས་རང་གཤིས་ལས་སྙེམས་པའི་བརྩེ་དུང་གི་གཏམ་རྒྱུད་འདི་ཙམ་བཤད་མྱོང
"ལའོ་མུས་ཨོ་དང་ཀྲུའུ་ལིན་ཡེ་ཡི
བསྒྱུར་མ་ཚར་བའི་ཟློས་གར་དེ་དང
ལང་ཧྲན་པའོ་དང་ཀྲུའུ་ཡན་ཐའེ་ཡི
བརྒྱུད་མ་ཚར་བའི་བརྩེ་བ་དེའི་ཕྱིར་ན
ཁྱོད་ཀྱི་གསོན་ཤུགས་འབར་བའི་ལང་ཚོ་ཡོད་ཚད
མཚན་གཅིག་རིང་ལ་སྒྲོན་པའི་མཆོད་མེ་དེ་དང་འདྲ་བར
མུན་པ་བླུགས་པའི་མཆོད་སྐོང་གི་ནམ་མཁའ་ལ
གཟི་འོད་འཚེར་བའི་སྐར་མ་འོད་ཆེན་ཞིག་གི་རང་རྣམ་ལས
སླར་ཡང་མི་ཡུལ་ལ་དངོམ་ཆོག་ཆོག་གི་གཏམ་རྒྱུད་ཅིག་སྐྱོངས་རྒྱུ་ཟེར་ཨང"
དགོད་བྲོའི་འཇིག་རྟེན་གྱི་གོམ་ཁ་ལྷོད་དུ་འཇགས་ནས
རེ་བ་ལྟ་བུའི་ཆར་ལྡོག་རེ་རེ
སྟོང་ཁམས་ཀྱི་བུ་ཡུག་ལ་འཐིམ་དུས
ཕུན་ཚོགས་ཀྱི་འཆར་གཞིའི་ཁེངས་པའི
ཆར་འདོད་ཀྱི་བྱེའུ་ཚོགས་ནི
བྱེ་ཐང་གི་བདེ་སྡུག་གླེང་བའི་སེམས་ཅན་ཁྱུ་ཞིག་ཡིན
རྒྱབ་སྙེས་ཀྱིས་ཕན་ཚུན་གྱི་སེམས་པ་གཅིག་ཏུ་བསྲེས་ནས
བརྩེ་འདུན་གྱི་དུངས་པ་མངོན་དུས་ཤིག་ལ
ཁྱོད་ཀྱིས་སྔར་བཞིན
གླུ་ཚིག་ཅིག་ཏུ
"དེ་བཞིན་སྒྲུབ་ནས དེ་བཞིན་དགའ་ནས
མཆུ་དམར་གྱི་ཆང་རྒོད་དེས་ང་བསྲེག་དང་ཆོག"ཅེས
སྐད་གསེང་མཐོན་པོས་ངག་ལ་གྱེར་བ་དེ་ཡང
ད་ལྟ་བསམ་ན
ཡོད་ཚད་ཀྱི་ཡོད་ཚད་ཅིག
ལྷ་སྒྲུང་ཞིག་གི་བརྗོད་བྱ་ཡིནའང
བརྩེ་དུང
དེ་ལྟར་བདག་ཡིད་དང་ཁ་ཐག་རིང་བའི་གནས་མལ་དུ་གཤེགས་སོང
འཚོ་བ་དང་བཟའ་ཚང་གི་མཚོན་དོན་དུ་རུང་བའི་སྒེའུ་ཁུང་རེ་རེ་བཞིན་རྒྱང་དུས
ཚུར་འགུགས་སླ་བ་ནི་སྣང་འཛིན་ཁྲོད་ཀྱི་གསེར་སྦྲང་དེ་མ་ཡིན་པར
དེ་ལས་ཀྱང་འཆོར་སླ་བ་ཞིག་ལ
ནང་སེམས་ཀྱི་རྐུ་ལ་ཤོར་བའི་མེ་ཏོག་སྙིང་རྗེ་བོ་དེ་དག་རེད
མཇུག
བདག་གིས་དྲན་གཞིགས་ཁྱེར་བའི་སྒེའུ་ཁུང་གི་དྲ་མ་རིང་བོར་རྒྱང་དུས་སུ
འཁྱག་རླུང་གི་རོལ་དབྱངས་དལ་བུར་འཁྲོལ་བའི་མི་ཡུལ་གྱི་སྐྱོ་སྡུག་ལ
ཚོས་གཞི་དཀར་བོའི་མེ་ཏོག་གི་མྱ་ངན་འཁོར་བ་ཆོས་ཉིད་དུ་ངེས་ཀྱང
རིན་ཐང་གི་འཛུམ་ཆུང་གསལ་བའི་སྟོན་རླུང་གི་བག་ཆགས་དེས
ལོ་མ་དམར་བོའི་ཁྲག་དྲོན་གྱི་རང་གཤིས་ལས
སེམས་ཁོང་ལ་ལྷན་པ་སྦྱར་དུས
མཐའ་འཁོར་གྱི་མུན་པ་མཐའ་དག་རེ་ཞིག་གསལ་བའི་སེམས་བྱུང་དེ་ཅི་ལ་མི་རྒྱས
ཨོ སྙིང་ཉེ་བའི་མི
ཇི་ལྟར་འགྱུར་བའི་རང་བཞིན་ཅན་ལས
ཁྱོད་ལའང་ནམ་མཁའ་དང་ས་གཞིའི་བར་ན
རང་དབང་གི་ལོངས་སྤྱོད་ཅིག་མེད་པར
ཁེར་རྐྱང་སྡུག་བསྔལ་གྱིས་མནར་བའི་དུས་སུ
སེམས་ཀྱི་འདོད་དོན་མཐའ་དག་བློས་གཏོང་དང་ཐུབ་ལ
དུས་ཚོད་སྐར་ཆ་གཅིག་གི་ཡུན་ཚད་ལའང
རོ་བྲོ་ཕུན་སུམ་ཚོགས་པའི་བདེ་བ་རེ་རྙེད་ཐུབ་པའི
ལྟར་སྣང་སེམས་ཀྱི་འདོད་པའི་རྨི་ལམ་དེའི་ཕྱིར་ན
གནམ་གྱི་ཕྱེད་ཀར་གཏོགས་པའི་བུ་མོ་ཞིག་གི
བརྩེ་བ་དེ་འཐོབ་པ་ལ
ལྷ་རྣམས་ཀྱིས་ཀྱང་ཕྲག་དོག་བྱེད་པར
རྒྱུ་མཚན་མེད་མི་སྲིད་ན
ང་ཚོས་ཆོ་འཕྲུལ་གྱིས་རྫུས་པའི་སུན་སྣང་དག་ཕར་ལ་གཡུག་ནས
རང་གི་མིག་མདུན་གྱི་སྲིད་པའི་སྣང་བ་ཡོད་ཅོག་གི་བརྩེ་བ་དེ་དང
གནམ་གྱི་ཕྱེད་ཀར་གཏོགས་པའི་བུ་མོ་འདི་ལ
མགོ་བོ་སྒུར་དེ བརྩེ་བའི་དམ་བཅའ་དམར་བོ
སེམས་ཀྱི་བྲག་ལ་བརྐོས་དང ཁྱོད་ལ་འཐོབ་ངེས་པ་དེ་རང་ཡིན་ལ
ཁྱོད་ལ་འཐོབ་སྲིད་པའམ་འཐོབ་དུ་རེ་བའང་དེ་རང་ཡིན་ནོ
1999ནས 2004ལོའི་བར་གྱི་རང་གི་ཉིན་ཐོ་གཞིར་བཟུང་སྟེ་བྲིས་པ་ཡིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།