འཆི་མེད། གཅན་མེ་སྟག རིག་ལྡན་རྒྱ་མཚོ། ལྡོང་བུ་བཅས་ཀྱིས 《རྫ་བུམ་ནག་པོ》གླེང་བ།

                   རྫ་བུམ་ནག་པོ།

                                          རེ་རྐང་གླིང་།

རྨི་ལམ་དུ   གླུ་ལེན་ཤེས་པའི་གཙང་པོ་ཞིག
ཡུན་རིང་ལ་འཕག་འཚག་བྱས་རྗེས
ཕྱི་དབྱིབས་མཛེས་པའི་རྫ་བུམ་ཞིག་ཏུ་གྱུར་སོང
རྫ་བུམ་དེས་སླར་ཡང་འཕག་འཚག་འགའ་བྱས་རྗེས
གས་ཆག་ཏུ་གྱུར་ཅིང
དབྱིབས་མི་འདྲ་བའི་དངོས་པོ་མང་པོ་མང་པོ་ཞིག་ཏུ་གྱུར་སོང

འགྱུར་བ་སྣ་ཚོགས་ཀྱི་རང་བཞིན་གསལ་བའི་དངོས་པོ་དེ་དག
གས་ཆག་ནས་གས་ཆག་ཏུ་གྱུར་ཅིང
གཟུགས་ཅན་གྱི་འགྱུར་བའི་གཏན་ཚིགས་ཀྱི་ཆོས་ཉིད་ལྟར
མིག་ཤས་ཀྱང་མཐོང་དཀའ་བའི་དུས་སུ
ང་ཡང་གས་ཆག་དེའི་ཁྲོད་ཀྱི་ཕྲ་ཕུང་ཞིག་ཏུ་གྱུར་སོང

སྐབས་འདིའི་རྫ་བུམ་ནི་རང་ཉིད་རེད་ལ
གཙང་པོའང་རང་ཉིད་རེད   ཐ་ན་གླུ་སྐད་ཀྱང་རང་ཉིད་རེད

ཆུ་གཞུང་ལ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་ལྷུང་གིན
ཚེ་སྲོག་གི་དོན་སྙིང་ཡོད་ཚད་སྟོང་བཞིན་པའི་དགུན་ཁའི་དུས་ཚིགས་ཤིག་ལ
ངས་འཁྱག་སིབ་སིབ་ཀྱི་ཆུ་བོ་ཞིག་ལ་ལག་པ་བསྲིངས་ནས
རང་གི་ངོ་གདོང་དེ་གཙང་མར་བཀྲུ་བསམ་དུས
མེ་ལོང་ལྟ་བུའི་ཆུ་བོ་དེ་ལས
འདར་སིག་སིག་གི་རང་ཉིད་ཀྱི་ངོ་གདོང་དེ་མཐོང་བྱུང

ངོ་གདོང་དེས་ང་ལ་རྫ་བུམ་ནག་པོའི་སྐོར་གྱི་རྨི་ལམ་དེ་དྲན་དུ་བཅུག་བྱུང
རྨི་ལམ་དང་དྲན་ཤེས   ཆུ་བོ་དང་རྫ་བུམ
རང་ཉིད་ཀྱི་ངོ་གདོང་དག་གི་བར་ལ་ཡང་སྙིང་འབྲེལ་བ་ཅི་ཞིག་གནས་སམ

སྐབས་འདིར   ངས་རང་ཉིད་ནི
རྨི་ལམ་ནང་གི་རྫ་བུམ་ནག་པོ་དེ་ཡིན་ནམ
ཡང་ན་ཆུའི་ནང་དུ་ཤར་བའི
ངོ་གདོང་འཁྱག་པོ་དེ་ཡིན་པའི་སྐོར་ལ་བསམ་གཞིག་བྱས

དྲང་མོར་བཤད་ན    ང་ནི་སྒྱུ་འཕྲུལ་གྱི་རྨི་ལམ་དེའི་ཀློང་གི་འཁྲབ་ཆས་ཤིག་དང
གྲང་བསིལ་གྱི་སྣང་བ་ཚོར་རྟོག་ཐུབ་པའི་སྐད་ཅིག་མའི་འདུ་ཤེས་ཤིག་ལས
ཅི་ཡང་མིན་པ་ངས་སྔར་ནས་ཤེས་ཡོད་ནའང
ངས་ད་དུང་ཡང་བསམ་གཞིག་གི་ཆེད་དུ
བསམ་གཞིག་བྱ་དགོས་བྱུང་སོང
་་་ ་་་་ ་་་                                                                      
                       December 21, 2008

     གཏོར་བཤིག་དང་བསྐྱར་བཞེངས།
                   སྙན་ངག《རྫ་བུམ་ནག་པོ》བཀླགས་པ།
                       
                                            འཆི་མེད།
              
    རེབ་གོང་ཡུལ་གྱི་ན་གཞོན་སྙན་ངག་པ་རྐང་གླིང་ལགས་ཀྱིས་ལོ་མང་པོར་སྙན་ངག་བྲིས་ཏེ་ཡོང་བའི་བརྒྱུད་རིམ་ཁྲོད་ཕྱིར་མིག་ཅིག་བསློགས་ན། རྐང་གླིང་ལགས་ཀྱི་བརྩམས་ཆོས་ཁྲོད་རྟོག་བཟོ་དང་། འཁྲུལ་སྣང་། འགྱུར་ལྡོག  དཀར་ཚུབ་དམར་ཚུབ་ཧ་ཅང་མང་པ་དེ་ནི། ན་གཞོན་ཞིག་གི་སེམས་ཀྱི་མཆོང་ལྡིང་དང་སྙན་ངག་པ་གཞོན་ནུ་ཞིག་གི་མ་ངེས་པའི་དགའ་སྐྱོའི་རྣམ་འགྱུར་སྟོན་ཚུལ་ཞིག་ཏུ་འཁུམས།
   དཀར་ཚུབ་དམར་ཚུབ་ཆེ་བའི་རྐང་གླིང་གི་སྙན་ངག་འདི་དག་ལ་ཐོག་མར་ལྟ་དུས་གློག་ཞགས་ལྟ་བུ།  འཐོར་རླུང་ལྟ་བུ།  རླབས་རྒྱུན་ལྟ་བུ། གོ་རིམ་འཆོལ་བ། བརྗོད་གཞི་རྐྱ་འཐོར་དུ་གྱུར་པ་སོགས་མདོར་ན་འདི་ནི་འདིའོ་ཞེས་མཛུབ་མོ་གཟུགས་ས་མེད་པ་དང་།  བཙུགས་ཀྱང་མགོ་རྔ་མི་ནོན་པ། བརྗོད་བྱ་སྟོན་རྒྱུ་མེད་པ་ལྟ་བུ་ཞིག་ཏུ་མི་སྣང་བའི་ངེས་པ་མེད། ཡིན་ཡང་།  དུས་རབས་ཀྱི་ཁོར་ཡུག་དང་བསྟུན་སྒྱུ་འཕྲུལ་ལ་དགའ་བའི་ན་གཞོན་གྱི་གཤིས་སྤྱོད་ངོས་ནས་རྐང་གླིང་གི་སྙན་ངག་བཀླགས་ན།    ནམ་མཁའ་ལྟ་བུ།  འཇའ་ཚོན་ལྟ་བུ།   སྨུག་པ་ལྟ་བུའི་ཞི་འཇམ་གཞན་ཞིག་ཀྱང་མཐོང་ཐུབ་ལ།  དེས་ནི་ད་གཟོད་རྐང་གླིང་གིས་ཅི་ཞིག་འབྲི་བ་དང་ཅི་ཞིག་བཤད་འདོད་ཡོད་པ་ཤེས་ཐུབ་པར་མ་ཟད།  ཁོའི་སྙན་ངག་དེ་དག་ཀྱང་མགོ་རྔ་མེད་པ་སོགས་མ་ཡིན་པར་བསམ་བཞིན་དུ་རང་ཉིད་ལ་གཏོར་བཤིག་བཏང་སྟེ། ཀློང་ཡངས་ཤིང་དཔངས་མཐོ་ལ། འབྱམས་ཀླས་ཤིང་གཉུག་མར་གནས་པའི་ལོག་མལ་ཅིག་འཚོལ་བའི་གོ་རིམ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ། དེའི་ཕྱིར་རྐང་གླིང་གི་སྙན་ངག《རྫ་བུམ་ནག་པོ》འདིར་ཡང་གཞོན་ནུའི་སེམས་ཁམས་ཀྱི་འཕག་འཚག་དང་འཕར་ལྡིང་མངོན་པར་གསལ།  རང་ཉིད་དུམ་བུར་གཏོར་ཏེ།  སིལ་བུར་རལ་ཤུལ་ནས་སླར་ཡང་རུས་སྒྲོམ་དུ་དུམ་བུ་དུམ་བུར་བཏུས་ནས་རང་ཉིད་ངོ་མ་ཞིག་བཟོ་སྐྲུན་བགྱིད་པའི་སྣང་ཚུལ་འདིས་ན་གཞོན་གྱི་སྤོབས་པ་དང་རེ་འདུན་མངོན་ཡོད།
   གུས་མོ་བདག་ནི།  སྙན་ངག་ལ་དགའ་དུངས་ཡོད་པའི་རྐྱེན་གྱིས་བོད་ཁུལ་གྱི་སྙན་ངག་འབྲི་མཁན་མང་ཙམ་ལ་རྒྱུས་མངའ་ཡོད་པ་དང་། སྒོས་སུ་ཡུལ་ཞེན་གྱི་དབང་གིས་རང་ཡུལ་གྱི་སྙན་ངག་འབྲི་མཁན་རྣམས་ཀྱི་སྙན་ངག་ལ་ཅི་ནུས་ཀྱིས་དོ་སྣང་བྱེད་ཀྱིན་ཡོད།  རྐང་གླིང་ལགས་ཀྱང་དེ་དག་གི་གྲས་ཀྱི་གཅིག་སྟེ།   ཁོའི་སྙན་ངག་དག་ལ་ཆ་མི་སྙོམས་པའི་སེམས་གཤིས་དང་ཆ་མི་མཉམ་པའི་ཚོར་རྟོག་གིས་མདུད་ལོག་བརྒྱབ་ནས་བཤིག་དཀའ་བ་ཞིག་བཟོས་ཡོད།   དེའི་རྐྱེན་གྱིས་གཏོར་བཤིག་གམ་བཙན་རྒོལ་གྱི་ཨུ་ཚུགས་དང་སྤོབས་པ་དྲག་པོས་ཡར་སློག་མར་སློག་བྱས་ཤིང་།  ཡར་བཤད་མར་བཤད་བྱས་པ་དེས་ན་གཞོན་གྱི་རྒོད་བག་ཅེས་པའང་གོ་བར་འགྱུར་རོ།།
   སྙན་ངག་འབྲི་བ་ནི།   སེམས་ཀྱི་ཚོར་པ་དབྱངས་སུ་གྱེར་བ་ཡིན་པས་སྙན་ངག་བྲི་རྒྱུ་ལས་དཀའ་མོ་ཞིག་གང་ན་ཡོད་ཨང་།
   ཡིན་ཡང་།   སྙན་ངག་ཀྱང་ཚོང་ལས་ཅན་དང་ཕན་ཚུན་གྱི་ངོ་འཛིན་དང་འཚོ་བའི་དགོས་མཁོ་སྐོང་རེས་ཙམ་དུ་བལྟས་ནས་བསམ་བཞིན་དུ་སྙན་ངག་གི་བསྟན་པ་ནུབ་ཏུ་བཅུག་སྟེ།  སྙན་ངག་ཟེར་པའང་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་བཞིན་བསླབ་བྱ་དང་སློབ་སྟོན་ལྟ་བུའི་ཀུན་མཐུན་གྱི་ལམ་དུ་གནས་འཕོས་པ་ནི།  སྙན་ངག་གི་གྲིབ་ནག་ཙམ་ཡང་འཇིག་རྟེན་དུ་གནས་རྒྱུ་མིན་པའི་དན་རྟགས་འཁྲུལ་མེད་ལྷང་ལ་བུད་པ་ལགས་ན།   སྙན་ངག་ཀུན་མཐུན་དུ་གྱུར་དང་འགྱུར་བཞིན་པ་ལ་རྣམ་པ་གཞན་གྱི་སྟེང་ནས་མཐའ་གཅིག་ཏུ་རྒོལ་བའང་སྐབས་སུ་བབ་པའི་འོས་འགན་དུ་མཐོང་། 
   སྙན་ངག་བཙོངས་ནས་ཟ་མ་ཟ་འདོད་མཁན་དང་སྙན་ངག་བརྒྱུད་ནས་ངོ་ཤེས་བསྒྲིགས་པ། སྙན་ངག་བྲིས་ནས་གཞན་མིང་འདོགས་པ། སྙན་ངག་ཡིན་ཟེར་ནས་གཞན་གྱི་སོ་བར་གྱི་སྙིགས་མ་བླངས་ནས་རང་གི་ལྕེ་སྟེང་ལ་སྦྱོར་བ་སོགས་སྙན་ངག་གི་བསྟན་པ་ཕྱོགས་ཀུན་ནས་མར་ལ་འགྲིབ་པའི་སྐབས་འདི་འདྲར་སྙན་ངག་ལ་གོ་བ་ལོན་རྒྱུ་དང་།  སྙན་ངག་གི་དབུགས་རྒྱུན་རྙིང་པའི་རྒུད་པ་མཐར་སྐྲོད་བཏང་སྟེ་སྙན་ངག་གསར་བའི་མཁའ་དབུགས་ཤིག་བརྔུབ་རྒྱུ་ནི། དུས་རབས་ཉེར་གཅིག་གི་རྩོམ་པ་པོ་རྣམས་དང་སྒོས་སུ་ཤེས་རབ་ཅན་གྱི་གཞོན་ནུ་ཕོ་མོ་རྣམས་ལ་རག་ལས་པ་མ་ཡིན་ནམ།
   དེར་བརྟེན། གཏོར་བཤིག་དང་འཕག་འཚག་གི་འོས་འགན་དེ་སུས་ཕྲག་ཏུ་བླངས་སམ་ཞེ་ན། གཏོར་བཤིག་དང་ངོ་རྒོལ་ལ་དགའ་བའི་གཞོན་ནུའི་སེམས་གཤིས་ཀྱིས་ཕྲག་ཏུ་ལེན་དགོས་པ་ལགས་ན།  རྐང་གླིང་ལགས་ཀྱི་སྙན་ངག་སྐོར་ཞིག་ནི་འོས་འགན་དེ་ཕྲག་ཏུ་ལེན་མཁན་གྱི་གྲས་སུ་སྔ་མོ་ནས་འཚང་ཀ་བརྒྱབ་སྟེ་མདུན་དུ་བསླེབས་ཡོད་པ་ཤ་སྟག་གོ།
   ལ་ལས་གཏོར་བཤིག་བྱེད་པ་ནི་འགན་ཁུར་གྱི་འདུ་ཤེས་མེད་པར་བརྩི་བར་ཐུགས་ཁག་མེད་ས་ལོས་ཡོད་ཀྱང་། དོན་དམ་དུ་གཏོར་བཤིག་གིས་རང་ཉིད་གཏོར་བཤིག་བྱེད་པ་ཡིན་ལ་རང་ཉིད་གཏོར་བཤིག་དང་འགས་འཐོར་དུ་གཏོང་བ་ལ་ཚོད་བགམ་དང་འཚོལ་སྙེག་ཟེར་དགོས་པ་ཡིན།
  སུ་ཞིག་ལ་གཏོར་བཤིག་དང་ཚོད་བགམ་མེད་པར་སོ་ན་གནས་ཚེ་དེ་ལ་གསར་བའམ་གསར་གཏོད་ཀྱི་ས་བོན་རྨང་ནས་རུལ་བ་ཡིན་པས་ཅི་ཙམ་འབད་ཀྱང་རུས་སྦལ་ནུར་འགྲོས་ཙམ་ལས་སྟག་མོའི་མཆོངས་སྐྱོད་ཀྱི་རྩལ་རྒྱས་མི་ཐུབ་པ་ཡིན། ལྷག་པར་ན་གཞོན་བགྲེས་ཉམས་ཅན་དེ་དག་ནི་གུས་མོ་བདག་ལ་མཚོན་ན་འཕེལ་མེད་སོར་གནས་ཀྱི་རུས་སྦལ་ཁྱུ་ཞིག་དང་མཚུངས་པས་སྙན་ངག་པའམ་རྩོམ་པ་པོའི་ཆོ་ལོ་ཅི་ལྟར་གདགས།
  གུས་མོ་བདག་གིས་རྩོམ་པ་པོ་རྐང་གླིང་ལགས་ཀྱི་བརྩམས་ཆོས་ནི། གསར་གཏོད་ཀྱི་རྩེར་སོན་པ་དང་འབྲས་བུ་ཡང་ཏིག་ཅིག་ཏུ་སྨྲ་བ་མིན་ཡང་། རྐང་གླིང་གི་སྙན་ངག་དག་ལ་ཁྱད་ཆོས་ཤིག་ཡོད་པ་ནི་འཕག་འཚག་རྒྱག་ཐུབ་པ་དང་གཏོར་བཤིག་བྱེད་ནུས་པ་དེའོ།། དེ་ལས་ཀྱང་གཏོར་བཤིག་དེ་དག་ནི། འཚོལ་སྙེག་དང་རེ་འདུན་ཞིག་གི་ཆེད་དུ་ཡིན་པ་ལས་དོན་མེད་གཅེར་རྒྱུགས་བྱེད་པ་དང་། ནད་མེད་འཁུན་སྒྲ་འབྱིན་པ་ཞིག་མིན་པས་དེ་འདྲ་ལ་ད་གཟོད་མི་སྒེར་གྱི་སྙན་ངག་གི་རེ་བ་དང་ཡིད་ཆེས་ཀྱི་སྔོན་འགྲོ་ཟེར།
    འཚོལ་སྙེག་ཡོད་པས་ད་གཟོད་བཞུད་ལམ་རྙེད་པ་ཡིན་ལ། འཚོལ་སྙེག་ཡོད་པས་ད་གཟོད་འོད་སྣང་མཐོང་ཐུབ་པ་ཡིན། དེའི་ཕྱིར་རྩོམ་ལ་ཞུགས་པའི་དང་པོ་ནས་དམིགས་འདུན་འཚོལ་སྙེག་དང་རང་ལམ་གསར་གཏོད་ཀྱི་སྤོབས་པ་རྒྱས་དགོས་པ་ལས།  གསར་གཏོད་ནི་ཁྱོད་ཀྱིས་བསྒུགས་ཏེ་བསྡད་ན་གཞན་གྱིས་ཁྱེར་ཡོང་ནས་ལག་པར་འཇོག་རྒྱུ་ཞིག་ག་ལ་ཡིན།  གསར་གཏོད་ནི། ཚིག་སྣ་བཏུས་ནས་མཐུད་ཙམ་གྱིས་འཐོབ་རྒྱུ་ཞིག་ཀྱང་ག་ལ་ཡིན།
   སྙན་ངག་གསར་བའི་རུ་དར་འཕྱར་ཏེ་མཁའ་དབྱིངས་རྒྱུ་སྐར་གྱི་བདག་པོར་འཁུ་བའི་རང་མདངས་ཤིག་ཕྱིར་མངོན་རྒྱུ་ནི་ན་གཞོན་གྱི་སྙིང་སྟོབས་དང་སྤོབས་པ་ཡིན། དེའི་ཕྱིར་སྙན་ངག་ལ་རང་ལམ་དང་རང་ཚུགས་ཡོད་ན་ད་གཟོད་འགས་གཏོར་དང་ཕྱིར་རྒོལ་བགྱིས་པའི་གྲུབ་དོན་རང་ཉིད་ལ་དབང་བར་གྱུར་པ་ལས། གྲུབ་དོན་ཞིག་རྙེད་རྒྱུ་མེད་པའི་འུར་སྐད་ནི་སྨྱོ་འཚུབ་དང་མི་གཤིས་ཀྱི་གྲུབ་ཆ་མ་ཚང་བའི་རྟགས་ཁོ་ན་ལས་མ་འདས་སོ་ཞེས་དུས་རབས་ཀྱི་དཔྱོད་ལྡན་རྣམས་སྨྲ་བ་ལྟར་གུས་མོ་བདག་ཀྱང་འཐད་དོ།།
   རང་ཉིད་སྙན་ངག་པ་ཞིག་བྱ་ན་སྙན་ངག་གི་ཆེད་དུ་ཡོད་ཚད་བློས་གཏང་ཐུབ་དགོས་པ་དང་།  སྙན་ངག་ཁོ་ནས་རང་གི་ཡིད་ཁ་གང་ཐུབ་དགོས།  སྙན་ངག་སྦྱོང་བ་དང་སློབ་པ་དེས་ལས་གནས་འཚོལ་བ་དང་དངུལ་སྒོར་དོན་དུ་གཉེར་བྱེད་དུ་ཁྱེར་ན་སྙན་ངག་ལ་ཁུར་བོ་བཀལ་བ་དང་།  སྙན་ངག་ནི་ཁྲོམ་གྱི་ཚོང་རྫས་སུ་བསྒྱུར་བ་ཡིན་པས་དེ་རིགས་ལ་སྙན་ངག་གི་གྲུབ་འབྲས་ཡོད་མི་སྲིད་ལ།   ཡོད་ཀྱང་ཆབ་སྲིད་ཀྱིས་གནང་བའི་དཔོན་ཆུང་གི་མིང་ཙམ་སྟེ། མདོར་དྲིལ་ན་ཆབ་སྲིད་པས་གར་ཆུང་ཞིག་འཁྲབ་ཏུ་བཅུག་པ་ཙམ་ལས་སོར་གང་འདས་མེད་པས་དེ་འདྲ་སྙན་ངག་གི་གྲུབ་འབྲས་ལ་བརྩི་རིན་མེད།
  དེའི་སྟབས་ཀྱིས་ན་གཞོན་སྙན་ངག་པ་ཞིག་ལ་མཚོན་ན་སྙན་ངག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་དང་།  སྙན་ངག་གི་གཞུང་ལུགས་འདོར་མི་རུང་བ།  སྙན་ངག་གི་བླ་རྩ་མི་འཆོལ་བ་བཅས་བྱ་རྒྱུའང་རང་ཉིད་སྙན་ངག་ལ་བློ་དཀར་མི་དཀར་དང་སྙན་ངག་པ་ཆིག་ཐུབ་ཅིག་ཏུ་འགྱུར་མི་འགྱུར་གྱི་གནད་རྩའོ།།
   སྒྱུ་རྩལ་ནི་དམིགས་ཡུལ་འདི་ཡིན་ཟེར་རྒྱུ་དང་།  འཆར་གཞི་འདི་ལྟར་འཐེན་ནས་ད་གཟོད་འགྲུབ་དགོས་པ་ཡིན་ཟེར་རྒྱུ་མེད་པར་རྟོག་པ་རང་ཡན་དང་སྣང་བ་གང་ཤར་གྱི་ངང་ནས་བྱུང་བའི་གློ་བུར་གྱི་རྣམ་འགྱུར་ཞིག་ཡིན། དཔེར་ན།  སྙན་ངག་གང་ཞིག་རྩོམ་སྐབས་ཚོར་བའི་འཕར་ཤུགས་ཆེ་ན་ལུས་ཀྱི་འགུལ་སྐྱོད་དབང་མེད་དུ་འབྱུང་སྲིད། དཔེར་ན། ཡན་ལག་རྣམས་དབང་མེད་དུ་གཡུགས་ཏེ་སྐད་ཅོར་རྒྱག་པ། ངུ་བ་དང་དགོད་པ། ཐ་ན་རང་སྲོག་གཅོད་པའང་བྱུང་མྱོང་།
   སྙན་ངག་པ་རྣལ་མ་ཞིག་གིས་རང་ཉིད་ཀྱི་ཡ་ཆུང་གི་ཚོར་པ་གདུས་པའི་ཁུ་བ་ཕྱི་རོལ་ཏུ་འབྱིན་དགོས་ན་ཁྱེའུ་བཙའ་བ་དང་གསོད་སྟེགས་ནས་ཉེས་ཅན་སྐེ་ལ་རལ་གྲི་བཞག་པ་ལྟ་བུའི་དགའ་སྡུག་གི་སྣང་བ་སྣ་ཚོགས་འཐིབས་ནས་རང་དབང་མེད་པ་ཞིག་དང་། ཅི་བྱ་འདི་བྱེད་མེད་པའི་གནས་ཉེན་ཁ་ཅན་ཞིག་ཏུ་ལྷུང་རྒྱུ་ཡོད་ངེས་པ་རེད།
  ཡིན་ཡང་། སྙན་ངག་གི་སད་རྟོགས་མེད་པར་དུས་ཚོད་བགོས་ཏེ་དུས་ཚོད་འདི་འདྲ་ཞིག་ལ་བྱ་བ་འདི་ལྟར་བྱ་རྒྱུ་ཟེར་ནས་བྱ་བའི་འཆར་གཞི་བཞག་སྟེ་སྙན་ངག་གི་སྒྱུ་རྩལ་འགྲེམ་སྟོན་བྱེད་པ་ནི།  ཚོང་པས་ཚོང་རྫས་འགྲེམ་སྟངས་ཙམ་ཡིན་པས་དེ་འདྲ་ལ་སྙན་ངག་རོ་མཆོག་མྱང་རྒྱུ་ཡོད་མི་སྲིད།  དེར་མ་ཟད་དེ་འདྲ་ལ་སྙན་ངག་གི་མ་མཐའི་བློ་སྦྱོང་ཙམ་ཡང་མེད་པའི་དན་རྟགས་སུ་འཁུམས་ན་སྙན་ངག་ལ་དགའ་བའི་ན་གཞོན་རྣམས་སྙན་ངག་གི་བློ་སྦྱོང་དང་མི་རིགས་ཀྱི་སྐད་ཡིག་ནི་གང་ལས་ཀྱང་གལ་ཆེ་བར་སེམས།
  སྒྱུ་རྩལ་ནི་མ་གཞི་ནས་འབྲས་བུ་ཞིག་ཡིན་པ་ལས་རྒྱུ་ཞིག་མ་ཡིན་པའི་གོ་རིམ་དེ་ལེགས་པར་འགྲོ་དགོས།  སྙན་ངག་གི་བློ་སྦྱོང་དང་གཞུང་ལུགས་སློབ་པ་སོགས་ནི་སྙན་ངག་གི་སྒྱུ་རྩལ་གྱི་སྔོན་འགྲོའི་རྒྱུ་སྦྱོར་དང་། སྙན་ངག་གི་སྒྱུ་རྩལ་ནི་སྔོན་འགྲོའི་སྦྱོར་བ་དེའི་ཉེར་བསྡོགས་ལ་བརྟེན་ནས་ད་གཟོད་གྲུབ་དགོས་པ་ཞིག་གོ།
  ན་གཞོན་སྙན་ངག་པ་རེ་རྐང་གླིང་ལགས་ཀྱི་སྙན་ངག་དག་ལས་སྒྱུ་འཕྲུལ་གྱི་རོལ་རྩེད་རྙེད་ཐུབ་པ་དང་།  ས་འཕག་རྡོ་འཕག་གི་འགུལ་སྐྱོད་ཅིག་རྙེད་ཐུབ་པ་དེ་ནི་ཁོ་རང་ཆུང་དུས་ནས་མིག་སྤུ་གཟེང་གཟེང་དང་མིག་འབྲས་རིག་རིག་བྱེད་པའི་གཤིས་ཀ་དེ་དང་འབྲེལ་བ་ཡོད་པ་དང་།  རང་ཉིད་ནར་སོན་རྒྱུའི་རེ་འདོད་དང་རང་གཤིས་བསྔོག་རྒྱུའི་གཞོན་ནུའི་སྤོབས་པ་མངོན་དུ་གྱུར་པའི་ཁྱད་ཆོས་སུ་འཁུམས་ཤིང་།  ཁྱད་ཆོས་དེས་རང་ཉིད་ཀྱི་རྩོམ་གཤིས་ལ་ཐེབས་པའི་ཤུགས་རྐྱེན་ཡང་རེད།
  དེས་ན། ན་གཞོན་རེ་རྐང་གླིང་ལགས་ཀྱིས་ཡུན་རིང་ནས་ཡུན་རིང་བར་བརྩོན་པ་བསྟེན་ཏེ། མ་འོངས་པའི་རྩོམ་རིག་གི་མདུན་ལྗོངས་ཡངས་པོ་ནས་སྣ་ཚོགས་བརྩམས་ཆོས་ཀྱིས་བོད་ཀྱི་རྩོམ་སྟེགས་ལ་སྔ་ན་མེད་པའི་སྐྱེས་མཆོག་ཏུ་གྱུར་པ་མང་ཙམ་དབུལ་ཐུབ་པའི་སྨོན་འདུན་དང་བཅས།

    《རྫ་བུམ་ནག་པོ》སྙན་རྩོམ་གྱི་ཟུར་བཤད།

                                      རིག་ལྡན་རྒྱ་མཚོ།

   བདག་གིས་སྙན་རྩོམ་ཀློག་དུས་སུ།  རྩོམ་པ་པོའི་བསམ་གཞིག་གཏོང་ཕྱོགས་ལ་རྩ་བ་ནས་དོ་སྣང་བྱེད་མི་སྲིད་པས།  《རྫ་བུམ་ནག་པོ》ཞེས་པའི་སྙན་རྩོམ་འདི་ཐོག་མར་ཀློག་དུས་ཀྱང་རེ་རྐང་གླིང་ལགས་ཀྱི་སེམས་སུ་ཅི་ཞིག་དྲན་པ།  ཁོས་ཅི་ཞིག་བརྗོད་འདོད་པ།  ཐ་ན་ཁོ་སྙན་རྩོམ་འབྲི་མཁན་ཞིག་ཡིན་མིན་སོགས་ལ་བསམ་བློ་གང་ཡང་འཁོར་མེད།  སྙན་རྩོམ་འདི་ཀློག་གིན་དུ་ང་ལ་ཚོར་བ་སྐྱེན་པོ་ཞིག་བྱིན་པ་སྟེ།  དེ་ཡང་རང་ཉིད་ལ་ཆ་རྒྱུས་ཆེ་ཞིང་ཡིད་ནས་བརྗེད་ངེས་སུ་འགྲོ་བཞིན་པའི་ཚོར་བ་ཞིག་རྙེད་བྱུང་།  དེ་ནི་རྫ་བུམ་གྱི་སྟེང་ནས་བྱུང་བ་རེད།  རྫ་བུམ་ནི་རྫ་བུམ་རང་ཡིན་མོད།  འོན་ཀྱང་ངས་སྙན་རྩོམ་འདིའི་ཀློང་གི་རྫ་བུམ་དེ་བུམ་པ་ཞིག་ལ་འཁྲུལ་གྱིན་འདུག་ལ།  དེ་དང་ཆབས་ཅིག་བདག་གི་སེམས་ཚོར་དེ་གནའ་བོའི་རིག་གཞུང་ཞིག་གི་ཉེ་སར་ཁྲིད་པ་དང་།  རང་སེམས་ན་རབ་རིབ་མག་མོག་ཏུ་ལུས་པའི་རིག་གཞུང་གང་དེའི་བརྗོད་སྙིང་དང་ཆབས་ཅིག་འདྲེས་པར་གྱུར།   འདི་ལྟར་སྨྲས་ཚེ་བདག་གིས་ཀྱང་སྙན་རྩོམ་ཞིག་འབྲི་བ་དང་འདྲ་བར་སེམས་པའི་མྱོར་ཚོར་དེ་ངེས་བརྟན་ཅན་གྱི་དཔྱད་བརྗོད་དང་བར་ཐག་རིང་དུ་གྱེས་པས་ན།  ད་ནི《རྫ་བུམ་ནག་པོ》ཞེས་པའི་སྙན་རྩོམ་འདི་ལ་གཞུང་ལུགས་གང་གི་དབང་དུའང་མ་སོང་བར་བདག་ཁོ་ནའི་བསམ་བློ་གཏོང་སྟངས་ལྟར་དཔྱད་པ་ཞིག་གཏོང་བར་འདོད་དེ།  བདག་གིས་སྙན་རྩོམ་འདིའི་མགོ་ནས་མཇུག་བར་དུ་བང་རིམ་བཞི་རུ་དགར་ནས་བལྟས་པ་ཡིན།
  
བང་རིམ་དང་པོ་ནི་རྨི་ལམ་གྱི་བང་རིམ་རེད།  སྙན་རྩོམ་ནང་དུ། 

“རྨི་ལམ་དུ
གླུ་ལེན་ཤེས་པའི་གཙང་པོ་ཞིག

དབྱིབས་མི་འདྲ་བའི་དངོས་པོ་མང་པོ་མང་པོ་ཞིག་ཏུ་གྱུར་སོང”ཞེས་བྲིས་ཡོད། 
    སྙན་རྩོམ་མགོ་བཟུང་མ་ཐག་རྨི་ལམ་ཞེས་པའི་མིང་ཚིག་བེད་སྤྱད་འདུག  རྨི་ལམ་ནི་སྣང་ལ་མ་ངེས་པ།  རབ་རིབ་བན་བུན་གྱི་ཁྱབ་ཁོངས་ཅན།  འཕྲུལ་ཤེས་ཀྱི་བདག་ཉིད་འཛིན་པའི་ཚོར་བ་ཞིག་ཡིན་པའི་ཆ་ནས།  ཀློག་པ་པོ་སུ་ལའང་རྨི་ལམ་བདེན་དུ་འཛིན་པའི་བསམ་བློ་མེད། དེ་བས་རྨི་ལམ་གྱི་དབུ་ཁྲིད་བྲིས་པ་ནི་སྙན་ངག་པའི"གཡོ་ཐབས"ཤིག་ལགས།  "གཡོ་ཐབས"འདི་ལ་གབ་སྨྱུག་ཟེར་མོད།  འོན་ཀྱང་བང་རིམ་འདིའི་ཁྲོད་ཀྱི་གབ་སྨྱུག་ནི་སྙན་རྩོམ་གྱི་བརྗོད་བྱའི་དོན་སྙིང་ལ་ཐད་ཀར་འབྲེལ་བ་ཡོད་པར་མ་ཟད།  སྙན་རྩོམ་མགོ་མཇུག་བར་གསུམ་སྦྲེལ་བྱེད་ཀྱི་རྒྱུད་སྐུད་རེད།  དེའི་མཇུག་གི་གླུ་ལེན་ཤེས་པའི་གཙང་པོ་དང་ཕྱི་དབྱིབས་མཛེས་པའི་རྫ་བུམ་ཞེས་པའི་ཚིག་རྐང་སྦྱར་བ་ནི་སྙན་ངག་པ་མིན་ཡང་རུང་སྟེ་ཀློག་པ་པོ་སུས་ཀྱང་འདི་ལྟར།  གླུ་ལེན་ཤེས་པའི་སྤྲིན་པ་དང་ཕྱི་དབྱིབས་མཛེས་པའི་ཁའོ་ཧྥེའི་ཕོར་བ་ཞེས་སྦྱར་མི་ཆོག་པ་མེད།  ཚིག་རྐང་དེ་གཉིས་བྱུང་རྗེས་སུ།  རྗེས་གྲུབ་ཀྱི་བྱེད་ལས་ཤིག་ལ་བརྟེན་ནས་ད་གཟོད་གླུ་ལེན་ཤེས་པའི་གཙང་པོ་དང་ཕྱི་དབྱིབས་མཛེས་པའི་རྫ་བུམ་གཉིས་ཀྱི་འབྲེལ་བ་ཐག་གཅོད་དགོས་པ་ཆོས་ཉིད་དུ་གྲུབ་པས།  གཙང་པོ་རྫ་བུམ་དུ་གྱུར་པ་དང་རྫ་བུམ་དེ་ཡང་དབྱིབས་མི་འདྲ་བའི་གས་ཆག་མང་པོར་གྱུར་ཞེས་འཕོ་འགྱུར་ཚ་བའི་འབྲེལ་བ་བརྗོད།  འདི་ནི་རང་བྱུང་ཁམས་ཀྱི་མ་བཅོས་པའི་གཙང་པོ་ཞིག་མིས་བཟོས་རྫ་བུམ་དུ་གྱུར་པ་དང་།  དེ་ནས་གས་ཆག་ཏུ་གྱུར་པ་ཞེས་ཚད་བཀག་མེད་པའི་མ་བཅོས་ལྷུན་གྲུབ་ཀྱི་མཛེས་སྡུག་དེ་ཚད་བཀག་ཡོད་པའི་མིས་བཟོས་བྱ་དངོས་སུ་བསྒྱུར་ཏེ། ཀློག་པ་པོའི་སེམས་པ་རང་བྱུང་གི་རང་དབང་ཁྲོད་དུ་ཐོལ་གྱིས་མངགས་པ་དང་ཡང་གློ་བུར་དུ་ཕྱིར་བསྡུས་ནས་རྫ་བུམ་ཞིག་གི་ནང་དུ་བཅུག་མཐར།  རྫ་བུམ་དེ་ཡང་སིལ་བུ་ཁྲག་ཁྲིག་ཏུ་གཏོར་སོང་།  རྨི་ལམ།  གཙང་པོ།  རྫ་བུམ།  གས་ཆག  ཆ་རྒྱུས་ལྡན་པའི་མིང་ཚིག་བཞི་བོ་འདི་རང་བཞིན་གྱིས་ཀློག་འདོན་བྱས་ཀྱང་།  ཀློག་པ་པོའི་ཚོར་སྣང་གི་ཟབ་ས་རུ་སྐྱོ་གདུང་ཞིག་བྲག་ཅ་ཇི་བཞིན་ངང་གིས་འཁོར་སྲིད། རེད་དེ།  བརྗོད་དོན་འདིའི་རྗེས་དཔག་འགན་ཁུར་བང་རིམ་གཉིས་པར་སྤྲད་ཡོད།

བང་རིམ་གཉིས་པ་ནི་གཞུང་ལུགས་ཀྱི་བང་རིམ་རེད།  སྙན་རྩོམ་ནང་དུ། 

“འགྱུར་བ་སྣ་ཚོགས་ཀྱི་རང་བཞིན་གསལ་བའི་དངོས་པོ་དེ་དག

གཙང་པོའང་རང་ཉིད་རེད
ཐ་ན་གླུ་སྐད་ཀྱང་རང་ཉིད་རེད” ཟེར། 
    ཧ་ལས་པ་ཞིག་ལ་སྙན་ངག་པས་བང་རིམ་དང་པོའི་ནང་དུ་དེ་འདྲའི་མིང་ཚིག་དང་ཚིག་ཚོགས་སྤྱད་པའི་གོ་དོན་ངོ་མ་ད་ནི་ལྷང་ལ་བུད་བྱུང་།  དེ་བས་ཀློག་པ་པོ་སུ་ཞིག་གིས་གང་འདོད་འདོད་དུ་རྨི་ལམ་ནང་དུ་སྤྲིན་པ་དང་ཁའོ་ཧྥེའི་ཕོར་བ་བེད་སྤྱོད་པ་ལྟར་ལས་སླ་བོ་ཞིག་མིན་པ་འདྲ་སྟེ།  བང་རིམ་འདིའི་ནང་སྙན་ངག་པའི་བསམ་བློ་རིམ་གྱིས་རྨི་ལམ་དང་མངོན་སུམ་ལ་བརྡར་ཤ་གཅོད་པའི་གཞུང་ལུགས་རྒྱ་ཆེན་ཞིག་གི་གམ་དུ་བཅར་ཏེ།  འགྱུར་བ།  དངོས་པོ།  ཆོས་ཉིད།  ཕྲ་ཕུང་ཞེས་པའི་མིག་ཚིག་དག་གིས་མཚོན།  ནང་དོན་རིག་པའི་ལྟ་སྒོམ་གྱི་གོ་བ་ཞིག་ངང་གིས་ཚོར་དུ་འཇུག  ནང་དོན་རིག་པ་དང་སྙན་ངག་བར་གྱི་འདྲེས་སྦྱོར་དབང་གིས་བང་རིམ་འདི་འཕྲལ་མར་གཏིང་ཇེ་ཟབ་ཏུ་གྱུར་ལ།  ངང་ངམ་ཤུགས་ཀྱིས་ཀློག་པ་པོ་སོ་སོར་ཤེས་བྱའི་ཚད་རིམ་དགར་ཏེ་སྙན་རྩོམ་འདིའི་གོ་བ་ལེན་སྟངས་བརྒྱ་འགྱུར་དུ་བསྐྱེད།  ཡང་གཅིག་བཤད་ན།  འདི་ནི་སྙན་རྩོམ་པའི་ཚོར་བ་ཞིག་གམ་རྟོག་པ་ཞིག་ཡིན་པར་ངེས་ལ།  ཁོའི་ནང་སེམས་དེ་ཉིད་གདོད་ནས་མ་གྲུབ་པའི་བྱ་དངོས་ཀྱི་གཤིས་ལུགས་དང་བར་ཐག་ཉེ་སར་བཅར་བའི་མཚོན་ཚུལ་མིན་པའི་ངེས་པའང་མེད་དེ།  ཕྱིའི་སྣོད་དང་ནང་སེམས་ཀྱི་འཇིག་རྟེན་ཟུང་གི་འབྲེལ་ལམ་ལས་བྱུང་བའི་སྨྲ་བསམ་བརྗོད་འདས་ཀྱི་རང་བཞིན་ཡང་ཚིག་ཚོགས་དག་གི་བར་ནས་ར་བེ་རིབ་བེར་ཉམས་སུ་མྱོང་ཐུབ་བོ།།  དོན་དངོས་སུ་འཇིག་རྟེན་གྱི་ངོ་བོ་ནི་སུས་ཀྱང་བཅོས་སུ་མེད་པ་དང་བསྒྱུར་དུ་མི་བཏུབ་པའི་དོན་ཅན་ཡིན་ལ།  གནས་ལུགས་ཟབ་མོ་དེ་ཚོར་ཐུབ་པའི་ཤེས་པ་རགས་མོ་སྐྱེ་བུ་ཕལ་མོ་ཆེར་ཡོད་སྲིད་པས།  བང་རིམ་འདིའི་བརྗོད་དོན་དངོས་ལ་གཞུང་ལུགས་ཤིག་གིས་འགྲེལ་བརྗོད་བྱེད་དགོས་པའི་དུས་སུ་བབས་པ་ལྟ་བུར་སྣང་སྟེ།  སྐབས་འདིའི་རྫ་བུམ་ནི་རང་ཉིད་རེད་ལ།  གཙང་པོའང་རང་ཉིད་རེད།  ཐ་ན་གླུ་སྐད་ཀྱང་རང་ཉིད་རེད་ཅེས།  ནང་དོན་རིག་པའི་མཐར་ཐུག་གི་འགྲེལ་བརྗོད་ནི་ཚིག་རྐང་འདི་དག་གིས་གསལ་བོར་སྟོན་མི་ཐུབ་ཀྱང་།  གཞུང་ལུགས་ཀྱང་འདི་ལྟ་བུའི་རྟོག་སད་རེ་གཉིས་བརྒྱུད་ནས་སྐྱེ་བར་ངེས་པའི་ཤུགས་དྲག་གི་འདུ་ཤེས་བསྐྱེད་པར་ནུས། 
     ཡིན་ནའང་།  ཀློག་པ་པོ་ནི་ཤེས་བྱའི་ཚད་རིམ་འདྲ་མིན་གྱི་ཚོགས་སྤྱི་ཞིག་ཡིན་ལ།  སོ་སོར་གོ་བ་ལེན་སྟངས་སྣ་ཚོགས་ལྡན་པས།  སྙན་རྩོམ་བརྒྱུད་ནས་གཞུང་ལུགས་ཤིག་ལ་བསམ་གཞིག་བྱེད་རྒྱུ་ཤིན་ཏུ་ཁག་པོ་ཡིན་ཕྱིན།  སྙན་རྩོམ་གྱི་ཚན་པ་བཞི་བར་སླར་ཡང་རྨི་ལམ་གྱི་ངོ་བོ་སྤྱད་ནས།
 “སྐབས་འདིར
ངས་རང་ཉིད་ནི
རྨི་ལམ་ནང་གི་རྫ་བུམ་ནག་པོ་དེ་ཡིན་ནམ
ཡང་ན་ཆུའི་ནང་དུ་ཤར་བའི
ངོ་གདོང་འཁྱག་པོ་དེ་ཡིན་པའི་སྐོར་ལ་བསམ་གཞིག་བྱས” ཞེས།  ཀློག་པ་པོའི་ཡིད་སེམས་གཞུང་ལུགས་ཀྱི་ལྗིད་ཤུགས་ཆེན་པོས་མནན་ཏེ་ངལ་དུབ་ཀྱི་མྱོང་ཚོར་བྱུང་བ་དེ་ག་ལེར་བག་ཕེབས་དང་ལྷོད་ཡངས་ཀྱི་ཀློང་ལ་གཏིམས།  ཚན་པ་འདི་གཉིས་ལ་སྙན་རྩོམ་གྱི་བརྗོད་བྱའི་ལྗིད་ཤུགས་བབས་ཡོད་པས།  རྨི་ལམ་གྱི་རྒྱབ་ལོགས་སུ་བཀོད་པའི་དོན་དམ་དང་ཀུན་རྫོབ་ཀྱི་འབྲེལ་ཐག་ལ་ངང་ངམ་ཤུགས་ཀྱིས་བསམ་གཞིག་ཅིག་འཁོར་དུ་འཇུག

     བང་རིམ་གསུམ་པ་ནི་མངོན་སུམ་མམ་དངོས་ཡོད་ཀྱི་བང་རིམ་རེད།  བདག་གིས་བསམས་ན།  རྩོམ་རིག་གིས་སྐབས་ལ་ལར་མི་སྒེར་ལ་རང་ཉིད་ཀྱི་འཚོ་གནས་ངོས་འཛིན་དུ་འཇུག་རྒྱུ་དང་རང་ཉིད་ཀྱི་གདོད་གྲུབ་རང་གཤིས་ངོས་འཇིན་དུ་འཇུག་པར་བརྩོན་ཏེ།  བང་རིམ་འདིའི་ནང་དུ་སྙན་རྩོམ་པས།  རང་ཉིད་ཀྱི་ཁོར་ཡུག་ནི་ཚེ་སྲོག་གི་དོན་སྙིང་སྟོང་གིན་པའི་དགུན་དུས་ཡིན་པ་དང་།  ཁོར་ཡུག་དེ་རུ་གནས་འཆའ་བའི་རང་ཉིད་ཀྱི་རང་གཤིས་འཚོལ་ཆེད་བསམ་གཞིག་གཏོང་བཞིན་པ་མཚོན་པར་བྱེད།  བང་རིམ་འདིས་རྨི་ལམ་དང་གཞུང་ལུགས་ཀྱི་བར་སྦྲག་ཏུ་གནས་པའི་དངོས་ཡོད་བསྟན་ཅིང་།  སྣང་བ་བན་བུན་དུ་ལུས་པའི་མི་སྣ་གང་དེས་འཁྱག་སིབ་སིབ་ཀྱི་ཆུ་བོར་གདོང་པ་འཁྲུ་བསམ་དུས།  གཞི་ནས་རང་ཉིད་ཀྱི་ངོ་གདོང་མཐོང་བ་དང་།  དེ་ནས་རྨི་ལམ་ལ་རྨིས་པའི་རྫ་བུམ་ནག་པོ་དང་གླུ་ལེན་ཤེས་པའི་གཙང་བོ་དྲན་དུ་བཅུག  རྨི་ལམ་དང་དྲན་སྣང་ཟུང་ནི་ཕ་མ་མི་གཅིག་པའི་བུ་ཚ་རིག་འདྲ་ལྟ་བུ་ཡིན་ལ།  ལྡན་མིན་འདུ་བྱེད་ཀྱི་དྲི་མ་ཁ་བའི་ཤེས་པ་འདི་གཉིས་ཀྱིས་མངོན་སུམ་དུ་གནས་པའི་ཁོར་ཡུག་དང་འགུལ་སྐྱོད་བྱེད་པའི་མི་སྣ་ཡང་ག་ལེར་རྨི་ལམ་དང་གཞི་གཅིག་ཏུ་སྒྲིལ་གྱིན་འདུག  ཀློག་པ་པོར་མཚོན་ན་ཚིག་ཚོགས་ཀྱིས་ཚོར་བ་བསྐྲུན་པ་དང་ཚོར་བའི་དབང་དུ་གྱུར་པའི་ཤེས་པ་དབ་དིབ་ཀྱིས་ཡང་བསྐྱར་ཚིག་ཚོགས་ལ་ལྟ་དུས་སོ་སོའི་བསམ་བློའི་ནང་འཇིག་རྟེན་འདྲ་མིན་གྲུབ་སྲིད་པ་སྨོས་མ་དགོས་པས།  བང་རིམ་འདིས་སྙན་རྩོམ་ཁྲོད་ཀྱི་མི་སྣའི་ལས་དབང་ལ་ལྟ་ཚུལ་ཅི་རིགས་བསྐྱེད་པར་འགྱུར་ཏེ།  དགུན་དུས་སུ་ཚེ་སྲོག་སྟོང་བཞིན་པ་རྟོགས་པའི་མི་སྣ་གང་གི་ནང་སེམས་ལ་འགལ་འདུས་ཁྱབ་ནས།  ཐ་ན་རང་ཉིད་གར་འགྲོ་དང་ཅི་བྱེད་ལ་ངེས་པ་མེད་པའི་སྣང་བརྙན་ཞིག་ཀྱང་བདག་གི་སེམས་སུ་གསར་བཞེངས་གནང་བྱུང་།  ཚོར་སྣང་དེ་ནི་སྙན་རྩོམ་འདི་ལས་གྱེས་པའི་ཀློག་པ་པོ་རང་ཉིད་ཀྱི་འཕྲུལ་ཤེས་ཡིན་མོད།  འོན་ཀྱང་འཕྲུལ་ཤེས་འདི་འདྲ་བསྐྲུན་པ་ནི་བང་རིམ་འདིའི་ཐུན་མིན་ཁྱད་ཆོས་ལགས།  ཡིན་ནའང་།  བང་རིམ་འདི་རུ་རྫ་བུམ་དེ་གློ་བུར་དུ་ནག་པོར་གྱུར་པ་ནི་ཅི་ཞིག་ཅེས་དོགས་གཞི་གསར་པ་ཞིག་བྱུང་བར་གྱུར་ལ།  བདག་གིས་བསམས་ན།  རྫ་བུམ་ནག་པོ་ཞེས་པའི་མིང་དེ་བང་རིམ་དང་པོའི་ནང་བྱུང་ཚེ་རང་བྱུང་ལྷུན་གྱིས་གྲུབ་པར་འདོད་ཅིང་།  རྫ་བུམ་ནག་པོ་ཞིག་སིལ་བུར་འཐོར་བ་ནི་གཞོན་དུས་སུ་ལྷད་མ་ཞུགས་པའི་རང་གཤིས་གས་ཆག་བྱུང་བར་ཚོར་རྟོགས་བྱེད་ཐུབ་པར་མ་ཟད།  གླུ་ལེན་ཤེས་པའི་ཆུ་བོའང་ལྷད་མེད་བྱིས་བློའི་གནས་སྐབས་བརྒྱུད་པའི་གོ་རིམ་མཚོན་ཐུབ་པའོ་ཞེས་བང་རིམ་དང་པོར་འདི་རུ་སྐབས་བབ་ཀྱིས་ཚིག་སྣོན་ཙམ་བྱས་རྗེས།  གཞི་ནས་སྙན་རྩོམ་ལ་མྱོང་རོལ་གྱི་ཚོར་བ་སྐྱེན་པོ་སྟེར་ཐུབ་སྟེ།

“ཆུ་གཞུང་ལ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་ལྷུང་གིན

རང་ཉིད་ཀྱི་ངོ་གདོང་དག་གི་བར་ལ་ཡང་སྙིང་འབྲེལ་བ་ཅི་ཞིག་གནས་སམ”
     ཚེ་སྲོག་དང་དགུན་ཁ།  ང་དང་སིལ་བུར་འཐོར་བའི་རྫ་བུམ་ནག་པོ།  མེ་ལོང་དང་ངོ་གདོང་སོགས་ཀྱི་བསྡུར་བའི་བར་ནས་བང་རིམ་འདིའི་འགན་ནུས་ལ་རྨ་མེད་པའི་གསོན་ཤུགས་བསྩལ།

བང་རིམ་བཞི་བ་ནི་བདག་པོ་རང་ཉིད་ཀྱི་བང་རིམ་རེད།  སྙན་རྩོམ་དུ། 

“དྲང་མོར་བཤད་ན / ང་ནི་སྒྱུ་འཕྲུལ་གྱི་རྨི་ལམ་དེའི་ཀློང་གི་འཁྲབ་ཆས་ཤིག་དང / གྲང་བསིལ་གྱི་སྣང་བ་ཚོར་རྟོག་ཐུབ་པའི་སྐད་ཅིག་མའི་འདུ་ཤེས་ཤིག་ལས / ཅི་ཡང་མིན་པ་ངས་སྔར་ནས་ཤེས་ཡོད་ནའང / ངས་ད་དུང་ཡང་བསམ་གཞིག་གི་ཆེད་དུ / བསམ་གཞིག་བྱ་དགོས་བྱུང་སོང / ་་་ ་་་་   ”ཞེས་བརྗོད། 
    བང་རིམ་འདིའི་ནང་དུ་བྱུང་བའི"ང"དང་བང་རིམ་གོང་མའི་ནང་གི"ང"གཉིས་ལ་ཁྱད་པར་དགར་དགོས་ཏེ།  "ང"གོང་མ་ནི་སྙན་རྩོམ་ཁྲོད་ཀྱི་མི་སྣ་ཡིན་ལ།  བང་རིམ་འདིའི་ནང་གི"ང"ནི་སྙན་རྩོམ་པ་རང་ཉིད་དངོས་སུ་བརྩམས་ཆོས་སུ་ཞུགས་པར་སེམས།  བདག་གིས་སྙན་རྩོམ་བང་རིམ་སོ་སོར་དགར་དོན་ཡང་སྙན་རྩོམ་པ་དང་སྙན་རྩོམ་བར།  སྙན་རྩོམ་ནང་རོལ་དུ་གྲུབ་པའི་རིམ་པ་སོ་སོ་མི་འཁྲུལ་བའི་ཆེད་དུ་ཡིན་ལ།  མ་མཐའ་ཡང་ཀློག་པ་པོར་གོ་བདེ་ཡོང་བའི་སླད་དུ་སྟེ།  "དྲང་མོར་བཤད་ན"ཞེས་བྱུང་བ་ནི་སྙན་ངག་གི་ཚིག་ཚོགས་ལས་བརྒལ་ཏེ་སྙན་རྩོམ་པ་རང་ངོས་ཀྱི་ལྟ་ཚུལ་བརྗོད་པའི་སྐབས་སུ་བབ།  བདག་གིས་ཀྱང་དྲང་མོར་བཤད་ན་བང་རིམ་འདིའི་དགེ་སྐྱོན་བརྗོད་རྒྱུར་ང་ནི་ཐེ་ཚོམ་དུ་གྱུར།  རྒྱུ་མཚན་ནི།  སྙན་རྩོམ་ནི་ཚོར་བར་བརྟེན་ནས་དྲང་གཏམ་བརྗོད་པ་ཤུགས་སུ་འགྲོ་བས་ན་ཚོར་བ་དོར་ནས་དྲང་གཏམ་བརྗོད་ཚེ།  སྙན་རྩོམ་འབྲི་བའི་དགོས་པ་ཆུང་བར་འགྱུར།  ཡིན་ཡང་།  སྙན་རྩོམ་གྱི་མཇུག་སྒྲིལ་སྟངས་འདིས་སྙན་རྩོམ་པ་ཁོ་བོའི་སེམས་སུ་གནག་པའི་ལས་གང་ཞིག་བསྟན་ཅིང་།  དེའི་དབང་གིས་རྨི་ལམ་དང་དོན་དངོས་ཀྱི་སྣང་བརྙན་མང་པོ་བཞེངས་བསྐྲུན་བྱས་ལ།  ང་ནི་གནས་སྐབས་ཀྱི་འཁྲབ་ཆས་ཤིག་ལས་རྒྱུན་རིང་ཡུན་བརྟན་དུ་འགྱུར་མི་ཐུབ་པ་ངས་ཤེས་ཡོད་ཅེས"འཁྲབ་ཆས"ཀྱི་མིང་ཚིག་འདིས་ཐོལ་གྱིས་སྙན་རྩོམ་ལ་གོ་བ་གསར་བའི་ལམ་སྣེ་ཞིག་བསྟན་པས།  བང་རིམ་གོང་མ་དག་གི་མཛེས་སྡུག་དང་ལྗིད་ཤུགས་ཀྱང་གློ་བུར་དུ་སོམ་ཉིའི་གནས་སུ་ཚུད་བྱུང་བ་ནི་བདག་གི་ཁེར་ལབ་འབའ་ཞིག་ཡིན།  བང་རིམ་འདིས་དཔྱད་བརྗོད་པར་བློ་ཕམ་གྱི་ཚོར་བ་ཤུགས་དྲག་ཅིག་ཁྱེར་ཡོང་སྲིད་ཅིང་།  སྙན་རྩོམ་པའི་སེམས་ཁམས་ཀྱི་སྒེར་གཤིས་ཀྱང་དམར་རྗེན་དུ་མངོན་བྱུང་བ་ནི་བོད་ཀྱི་སྙན་རྩོམ་ཕལ་མོ་ཆེ་ཐོགས་པའི་སྒོ་ཐེམ་ཞིག་ཏུ་ངེས།  སྒེར་གཤིས་ནི་རྩོམ་རིག་གི་གེགས་སུ་འགྱུར་ལ།  སྒེར་གཤིས་ཀྱི་མགོ་བོ་གནོན་མ་ཐུབ་ཚེ་རྩོམ་པ་པོའི་བསམ་བློ་དངོས་ལ་བར་ཆད་འདྲ་མིན་ཅི་རིགས་ཐེབས་ཏེ།  ཐ་ན་བརྩམས་ཆོས་ཀྱི་བརྗོད་བྱ་དང་རྗོད་བྱེད་ལའང་ཚད་འདྲ་མིན་གྱི་བརྡབ་གསིག་འབྱུང་ངེས།  སྒེར་གཤིས་ཀྱི་ཁག་གནོན་ལ་ཀུན་སྤྱོད་ཡོང་བ་དང་།  ཀུན་སྤྱོད་ཀྱིས་ད་གཟོད་རྩོམ་པ་པོའི་སེམས་ཁམས་ཀྱི་དྭངས་གཙང་དེ་ཉིད་སྔོག་འདོན་བྱེད་སྲིད།  འདི་ལྟར་སྨྲ་དོན་ནི"དྲང་མོར་བཤད་ན"ཞེས་པའི་ཚིག་ངོས་ཙམ་ལ་བལྟས་ནས་བྱུང་བ་མིན་ལ།  "འཁྲབ་ཆས"ཞེས་པའི་མིང་ཚིག་ཁོ་ནས་བསྐྱེད་པའང་མིན་ཏེ།  བང་རིམ་འདིའི་ནང་སྙན་རྩོམ་པའི་སྒེར་གཤིས་འབུར་དུ་ཐོན་ནས་སྙན་རྩོམ་གྱི་དྭངས་གཙང་རང་བཞིན་བསྒྲིབས་འདུག་པར་མ་ཟད།  ད་དུང་སྙན་རྩོམ་པས་ཅི་ཞིག་བརྗོད་འདོད་ཀྱི་བརྗོད་བྱ་ལའང་གློ་བུར་དུ་བརྡབ་གསིག་བཏང་ནས་རྨི་ལམ་དང་དོན་དངོས།  ད་དུང་གཞུང་ལུགས་ཀྱི་གནད་མང་པོ་ཞིག་འགག་པར་བྱས་འདུག་པ་དང་།  དེ་དང་མཉམ་དུ་སྙན་རྩོམ་པའི་བསམ་བློ་གཏོང་སྟངས་ཀྱང་གནས་མལ་གཅིག་ནས་ལྷུན་ཆགས་སེ་སྡོད་མི་ཐུབ་པར་ཡར་འདྲིལ་མར་འདྲིལ་ལ་ངེས་གཏན་མེད་པའི་ཚོར་བ་སྟེར།  སྐབས་འདིར"ངས་ད་དུང་ཡང་བསམ་གཞིག་གི་ཆེད་དུ་བསམ་གཞིག་བྱ་དགོས་སོང"ཞེས་པ་ལྟ་བུའི་ངེས་གཏན་མེད་པའི་སྐད་ཆ་བཤད་སྟངས་ཀྱིས་ནམ་རྒྱུན་འཐུས་མ་ཚང་བ་གང་ཞིག་སྐོང་བར་བྱེད་འདོད་པ་དང་།  མང་པོ་ཞིག་གིས་བཤད་སྟངས་འདི་ལ་ཡང་ཡང་ལད་ཟློས་བྱེད་པ་ནི་བོད་ཀྱི་སྙན་རྩོམ་རབ་རིབ་ནས་རབ་རིབ་ཏུ་འགྱུར་བའི་གབ་དོང་ཞིག་རེད་སྙམ། 

       བུམ་པ་གློ་བུར་དུ་སྦོས་ཏེ་ང་རང་མནན།
                  སྙན་ངག《རྫ་བུམ་ནག་པོ》བཀླགས་པ།

                                          གཅན་མེ་སྟག

    བུམ་པ་གློ་བུར་དུ་སྦོས་ཏེ་ང་རང་མནན་ཞེས་པའི་མིང་འདི་ནི་བདག་གི་རྨི་ལམ་ལས་བྱུང་བའི་དཔེ་མཚོན་གྱི་མིང་ཞིག་ཡིན། དེ་ནི་རྨི་ལམ་ཞིག་ཀྱང་མིན་ཏེ། འདུག་བཟོད་མེད་པའི་ཉིན་མཚན་གང་མང་ཞིག་ལ་བདག་རང་བསམ་གཞིག་གི་ཀློང་དུ་ཚུད་འགྲོ་བའི་སྐབས་སུ། མདུན་ཅོག་སྟེང་བཞག་པའི་ཆང་ཕོར་སྐེ་རིང་དེ་ཡང་གློ་བུར་གློ་བུར་ཇེ་ཆེར་སྦོས་ཏེ་རང་ཉིད་འོག་ཏུ་མནན་འོང་བ་ལྟ་བུའི་སྐྲག་དངངས་ཤིག་དུས་རྒྱུན་འབྱུང་གིན་ཡོད་དེ། དངངས་སྐྲག་དེའི་དབང་གིས་མིག་ལམ་གྱི་དངོས་གཟུགས་ཡོད་ཚད་གཟུགས་འགྱུར་མེ་ལོང་དུ་ཕབ་པ་ནང་བཞིན་སྐད་ཅིག་སྐད་ཅིག་ལ་ངོ་བོ་འགྱུར་འགྲོ་བཞིན་ཡོད།
   བདག་གིས་ཁ་བྱང་འདི་འདྲ་ཞིག་བཏགས་ནས་རེ་རྐང་གླིང་གི་སྙན་ངག་ཅིག་ལ་དཔྱད་བརྗོད་གཏོང་བ་ནི་སྙན་ངག་དེ་ཡང་གཟུགས་འགྱུར་གྱི་རྨི་ལམ་ཞིག་དང་འདྲ་བར་བདག་གི་སེམས་ཚོར་ཀློང་ན་འཕྱུར་གྱིན་པས་རེད་ལ། གཞན་དག་ལ་མཚོན་ན་ཉིན་མོའི་རྨི་ལམ་དང་འདྲ་བའི་སྙན་ངག་འདི་རེ་རྐང་གླིང་ལ་མཚོན་ན་སེམས་ཁམས་ཀྱི་དངོས་བྲིས་ཤིག་རེད་སྙམ་པ་རྒྱུན་དུ་སྐྱེས། རྒྱུ་རྐྱེན་ཤིན་ཏུ་གསལ་ཏེ། སྙན་ངག་འདིའི་ཁྲོད་ཀྱི་མཚོན་བྱ་དང་མཚོན་བྱེད་ཡོད་ཚད་གཞི་གཅིག་གི་སྟེང་ནས་བཀྲལ་ཏེ་རྫ་བུམ་ནག་པོ་ཞིག་ཏུ་གབ་ཡོད་ལ། རྫ་བུམ་དེ་ཡང་དངོས་པོ་ཡོད་ཚད་ཀྱི་འགྱུར་ལྡོག་ཇི་བཞིན་སོ་སོར་གྱེས་ཏེ་མཐའ་མཇུག་གི་རང་ཉིད་དུ་གྱུར་ཡོད། 
    ཐེངས་གཅིག་བཀླགས་པས་འཇིག་རྟེན་ཕྱི་སྣང་གི་འགྱུར་ལྡོག་དང་མི་ཚེ་མི་རྟག་པའི་ངོ་བོ་ཞིག་ཤོད་ཀྱིན་ལོས་ཡོད་སྙམ་པའི་སྙན་ངག་དེས། འཚོ་བའི་འདམ་སྙིགས་དང་ཟུར་སྣེ་ཞིག་ན་རང་ཉིད་འཚོལ་གྱིན་པའི་སྙན་ངག་པ་ཞིག་གི་བརྗོད་ལས་འདས་པའི་སེམས་ངལ་ཞིག་དང་དམིགས་འདུན་བོར་བའི་སྐྱོ་ཡུས་ཤིག་རབ་རིབ་ཀྱིས་བརྗོད་ཀྱིན་ཡོད་དེ། དྲང་མོར་བཤད་ན། ང་ནི་སྒྱུ་འཕྲུལ་གྱི་རྨི་ལམ་དེའི་ཀློང་གི་འཁྲབ་ཆས་ཤིག་དང་། གྲང་བསིལ་གྱི་སྣང་བ་ཚོར་རྟོག་ཐུབ་པའི་སྐད་ཅིག་མའི་འདུ་ཤེས་ཤིག་ལས། ཅི་ཡང་མིན་པ་ངས་སྔར་ནས་ཤེས་ཡོད་ནའང་། ངས་ད་དུང་ཡང་བསམ་གཞིག་གི་ཆེད་དུ། བསམ་གཞིག་བྱ་དགོས་བྱུང་སོང་བའི་ན་ཟུག་བཤད་ཀྱིན་ཡོད།  ཡང་ན་འཇིག་རྟེན་ནི་དེ་ལྟར་སྐད་ཅིག་མི་སྡོད་པའི་རང་བཞིན་ཅན་ཞིག་ཡིན་ལ། སྐད་ཅིག་མ་གྲངས་མེད་པ་ལས་གྲུབ་པའི་རྟག་བརྟན་གྱི་དུས་ཚོད་ཅིག་ཡིན་པ་བཞིན་དུ་འགྱུར་བ་སྣ་ཚོགས་ཀྱི་རང་བཞིན་གསལ་བའི་དངོས་པོ་དེ་དག གས་ཆག་ནས་གས་ཆག་ཏུ་གྱུར་ཅིང་། གཟུགས་ཅན་གྱི་འགྱུར་བའི་གཏན་ཚིགས་ཀྱི་ཆོས་ཉིད་ལྟར། མིག་ཤས་ཀྱང་མཐོང་དཀའ་བའི་དུས་སུ། ང་ཡང་གས་ཆག་དེའི་ཁྲོད་ཀྱི་ཕྲ་ཕུང་ཞིག་ཏུ་གྱུར་སོང་བ་ནི་དངོས་ནས་བཟོད་མི་ནུས་པའི་མནར་གཅོད་ཅིག་དང་འདྲ་མོད། ཞིབ་ཏུ་བསམས་ན། དེ་ཡང་ཅི་ལ་མིན་ཏེ།  གངྒཱའི་ཀློང་གི་བྱེ་མ་དང་འདྲ་བའི་འཇིག་རྟེན་འདིའི་ཁྲོད་དུ་རང་ཉིད་ནི་ཆེས་ཆུང་བའི་རྡུལ་ཕྲན་ཞིག་ཡིན་ལ། རྡུལ་ཕྲན་ཕུང་པོ་དང་འདྲ་བའི་འཇིག་རྟེན་དུ་རང་ཉིད་ནི་ཆེས་ཆེ་བའི་ཆ་ཤས་ཤིག་ཀྱང་ཡིན་པ་ལྟ་བུ་རེད། དེ་ལྟར་དུ་གཞིགས་ན། སྙན་ངག་འདིའི་ཁོངས་རྒྱ་སྔར་ལས་ཇེ་ཆེ་རུ་འགྲོ་ནུས་ཏེ།   འཚོ་བའི་འགལ་འདུ་དང་འགྱུར་ལྡོག ཕྱི་སྣང་དངོས་པོ་དང་བསམ་བློ། བསམ་བློའི་མཚོན་བྱ་དང་མཚོན་བྱེད། ཡི་གེའི་རྟོག་བཏགས་དང་བསྡུས་བརྗོད། ཆོས་ཉིད་སྟོང་བ་དང་རྟེན་འབྲེལ་ལ་སོགས་པའང་སྔ་ཕྱི་རིམ་འབྲེལ་གྱིས་ཚོར་བའི་དམིགས་སྣེ་དེ་རུ་བརྡོལ་འོང་བ་ཞིག་རེད།  
     རྨི་ལམ་དུ། གླུ་ལེན་ཤེས་པའི་གཙང་པོ་ཞིག་ཡོད་པ་ནི་སྣང་ཚུལ་ཞིག་རེད་ལ།   གཙང་པོ་དེ་ཉིད་རྫ་བུམ་དུ་གྱུར་བ་ནི་རྟོག་འཆར་ཞིག་རེད། བསམ་བློ་འདི་ལ་འཚོ་བ་དངོས་ཀྱི་རུས་རྐང་ཞིག་བསྣན་ཚེ། རྟོགས་སླ་བོར་འགྱུར་ཏེ། ཆུ་སྒྲ་ཤང་ཤང་དུ་རྒྱུགས་པའི་གཙང་པོ“ཟང་ཟིང་གི་འཇིག་རྟེན”ཞིག་གི་འགྲམ་ནས་སྙན་ངག་པས་རྨི་ལམ་འདྲ་བའི་ངལ་དུབ་ཀྱི་ངོ་གདོང་ཐེངས་གཅིག་བཀྲུ་བསམ་དུས། གཙང་པོ་ལས་མཐོང་བའི་ངོ་གདོང་དེས་ཡང་བསྐྱར་ཁོ་ལ་རྨི་ལམ་ཁྲོད་ཀྱིའམ་རྟོག་འཆར་ཀློང་གི་རྫ་བུམ་དེ་དྲན་དུ་བཅུག་ཅིང་། རྫ་བུམ་དེ་ཉིད་ལས་འཕྲོས་པའི་དྲན་ཤེས་ཀྱིས་རང་ཉིད་ནི་ངོ་གདོང་དེ་ཡིན་ནམ་རྫ་བུམ་དེ་ཡིན་པའི་འདུ་ཤེས་ཁྱད་མཚར་བ་ཞིག་དྲངས་འོང་པ་རེད། ཡང་ན་སྤྱི་ཚོགས་དང་འཚོ་བའི་གྲུ་ཟུར་མི་འདྲ་བ་ནས་མྱངས་པའི་ཁེར་རྐྱང་དང་སྡུག་བསྔལ་གྱི་མྱོང་སྣང་དེས་རྫ་བུམ་ནག་པོ་དེ་སྔར་ནས་གས་ཆག་ཏུ་གྱུར་བའི་དྲན་པ་ཞིག་ལས་ཅི་ཡང་མིན་ནའང་། དྲན་པ་དེའི་དབང་གིས་སྙན་ངག་པ་ནི་ཁེར་རྐྱང་དང་སྡུག་བསྔལ་མང་བའི་དྲན་ཚོར་ཞིག་གི་མཚོན་བྱེད་དུ་གྱུར་ཡོད། དོན་དངོས་ཐོག རྫ་བུམ་ནག་པོ་དེ་ནི་གས་ཆག་དུ་འགྲོ་དགོས་པའི་དྲན་པ་ཞིག་གི་མཚོན་བྱེད་ཡིན་ལ། དེ་ཡིས་དྲན་པ་གས་ཆག་ཏུ་སོང་ཟིན་པའི་སྙན་ངག་པ་ཞིག་གི་སྣང་བརྙན་མཚོན་བྱ་རུ་བཀོད་ཡོད།
    འགྱུར་ལྡོག་ཁྲོད་ཀྱི་སྣང་བརྙན་བརྗེ་སྤོ་འདི་ཡིས་སྙན་ངག་འདི་ལ་ཤེས་རྟོགས་རང་བཞིན་གྱི་འོད་མདངས་གསལ་བོ་ཞིག་བསྣན་ཡོད་པ་མ་ཟད། གསོན་ཉམས་རང་བཞིན་ལྡན་པའི་འགུགས་ཤུགས་ཤིག་ཀྱང་དྲངས་ཡོད་དེ། རྫ་བུམ་ནག་པོའི་མཚོན་དཔེ་དེ་ལ་གཞི་གྲུབ་པ་དང་གས་ཆག་ཏུ་འགྲོ་དགོས་པའི་ཆོས་ཉིད་འགལ་འདུ་ཅན་ཞིག་སྦྱར་བས།   གཏིང་ཡངས་ས་ནས་བཀུག་པའི་སྣང་བརྙན“གཙང་པོ”ཞིག་དང་ཐག་ཉེ་ས་ནས་དྲངས་པའི་སྣང་བརྙན“རྫ་བུམ”ཞིག་བསྣོལ་སྡེབ་ཀྱིས་འོང་ལ། དེ་ཡང་སྤྱིན་ཆུས་དམ་པོར་སྦྱར་བའི་རི་མོ་ཞིག་དང་འདྲ་བར་ངོ་བོ་གཅིག་ལ་འདྲེས་འགྲོ། སྐབས་འདིའི་རྫ་བུམ་ནི་རང་ཉིད་རེད་ལ། གཙང་པོའང་རང་ཉིད་རེད། ཐ་ན་གླུ་སྐད་ཀྱང་རང་ཉིད་རེད། ཅེས་པ་ལྟར།  ཡོད་ཚད་སྔར་ཡོད་ཀྱི་ཆོས་ཉིད་ལས་ཕྱིར་ལོག་དུས། གཙང་པོ་བུམ་པ་རུ་ཡོད་ལ།  བུམ་པ་རང་སེམས་ན་ཡོད་པའི་སྒྱུ་རྩལ་སྟེང་གི་མཉམ་ཉིད་ཅིག་ཤུགས་བསྟན་གྱིས་གྲུབ་ཡོད། དེ་ཡང་ཡིན་ཏེ། ཡོད་ཚད་ཆོས་ཉིད་ཀྱིས་གྲུབ་ཅིང་།  ཡོད་ཚད་ཆོས་ཉིད་ཀྱིས་འདྲེན་པའི་བསམ་གཞིག་གིས་སྤྱི་ཚོགས་འདིའི་མི་རྣམས་ལ་ཁ་དོག་སྣ་ཚོགས་པའི་རྫ་བུམ་ཆེ་ཆུང་མང་པོ་བཟོས་ཡོད་ལ། རྫ་བུམ་དེ་དག་ཏུ་དགའ་སྐྱོ་མ་ངེས་པའི་མྱོང་ཚོར་སྣ་ཚོགས་པ་ཞིག་གཙང་པོ་ཇི་བཞིན་འཕྱུར་གྱིན་ཡོད་པས་ན། བལྟས་ཚོད་ཀྱིས་གཟུགས་འགྱུར་གྱིན་པའི་སྙན་ངག་འདིའི་བསྟན་བྱ་དངོས་མ་ནི་རང་གི་གཉུག་གཤིས་དང་སེམས་ངོ་འཚོལ་གྱིན་པའི་སྙན་ངག་པ་ཞིག་གི་དོགས་ཚོམ་དང་འུ་ཐུག་དེ་རེད་སྙམ།

             རྫ་བུམ་ནག་པོ:  ཀུན་རྟོག་གི་སྣོད་ཆས།

                                         ལྡོང་བུ།

     རེ་རྐང་གླིང་གི་སྙན་ངག《རྫ་བུམ་ནག་པོ》ཞེས་པ་འདིར“སྙན་ངག་རང་ལྡོག”གམ་སྒྱུ་རྩལ་ལམ་གང་ཟག་གི་རྟོག་པ་དེ་ཉིད་རྫ་བུམ་ནག་པོ་ཞིག་གི་མཚོན་བྱེད་དུ་བཞག་སྟེ་བྲིས་ཡོད།
     སྙན་ངག་འདིས་ཀྱང་ཨ་མེ་རི་ཁའི་སྙན་ངག་པ་སི་ཊེ་ཝེན་སི(Wallace Stevens,1879—1955)ཡི་སྙན་ངག《རྫ་བུམ་གྱི་གསང་རྣམ》1. ཞེས་པ་ནང་བཞིན་གང་ཟག་གི་རྒྱུད་ཀྱི་རྟོག་པའམ་སྒྱུ་རྩལ་ལམ་སྙན་ངག་རང་ལྡོག་གི་ངོ་བོ་དང་ཆོས་ཉིད་ཀྱི་མཚོན་བྱེད་དུ“རྫ་བུམ”བཞག་ནས་ཕྱི་རོལ་མངོན་སུམ་གྱི་ཡུལ་དང་རྟོག་པའི་འཇིག་རྟེན་བར་གྱི་གནས་ལུགས་བསྟན་ཡོད།  སྙན་ངག་མགོ་བརྩམས་མ་ཐག་ནས“རྨི་ལམ་དུ”ཞེས་སྨྲས་ཏེ་སྒྱུ་རྩལ་དང་རྨི་ལམ་གྱི་མཐར་ཐུག་གི་ངོ་བོ་གཅིག་ཡིན་པར་བྱས་ནས་རྟོག་པས་བཏགས་པའི་འཇིག་རྟེན་གྱི་སྒོ་མོ་ཕྱེ་བ་ནི།     ཐ་སྙད་དང་ཚིག་འབྲུའམ་སྒྱུ་རྩལ་གྱི་བརྩམས་ཆོས་འགྲུབ་པའི་རྒྱུ(གླུ་ལེན་ཤེས་པའི་གཙང་པོ)དེ་རྟོག་བཏགས(རྨི་ལམ་དུ)ཀྱི་ཀློང་ཡངས་པོ་ནས་སྙན་ངག་ཅིག་གམ་སྒྱུ་རྩལ་གྱི་བརྩམས་ཆོས(ཕྱི་དབྱིབས་མཛེས་པའི་རྫ་བུམ)སུ་གྲུབ་པ་དང་།   དེའི་སྲོག་ལྡན་ནམ་འགྱུར་བའི་རང་བཞིན(རྫ་བུམ་དེས་འཕག་འཚག་བྱས་པ)གྱིས་སྙན་ངག་གམ་སྒྱུ་རྩལ་བརྩམས་ཆོས་དེ་ཉིད་གྲུབ་མ་ཐག་པའི་གནས་སྟངས་ལས་ཡོངས་སུ་བརྒལ་ཏེ་འགྲེལ་མང་ལ་དོན་མང་དུ་སྟོན་ནུས་པ་ཞིག(དབྱིབས་མི་འདྲ་བའི་དངོས་པོ་མང་པོ)ཏུ་གྱུར་ཅིང་།  དེ་སྔ་གཟུགས་དང་བྲལ་བའི་རྟོག་བཏགས་ཀྱི་བར་སྣང་ཁོ་ནར་གནས་པ་དེའང་ད་ལྟ་ཡི་གེའམ་གཞན་གྱི་གཟུགས་དང་ལྡན་པར་གྱུར(གཟུགས་ཅན་གྱི་འགྱུར་བའི་ཆོས་ཉིད་ལྟར)ནས་འགྱུར་བའི་ཆོས་ཀྱི་རང་བཞིན་གྱིས་གོས་པས་ན་མཐར་ཐུག་དེ་སྔ་བརྩམས་ཆོས་དེ་རྩོམ་པར་མཛད་པའམ་བདག་ཏུ་བྱས་པའི་སྙན་ངག་པའམ་སྒྱུ་རྩལ་པ(ང་ཡང་གས་ཆག་དེའི་ཁྲོད་ཀྱི་ཕྲ་ཕུང་ཞིག་ཏུ་གྱུར་པ)རང་ཡང་དེ་ཉིད་ཀྱི་ཆེས་ཆེར་ཉག་ཕྲ་བའི་ཆ་ཤས་ཙམ་འབའ་ཞིག་ཏུ་འགྱུར་བའི་སྐབས་དེར་སྙན་ངག་གམ་སྒྱུ་རྩལ་གྱི་བརྩམས་ཆོས་དེ་ཉིད་རྩོམ་པ་པོ་དང་ཡོངས་སུ་ཁ་བྲལ་ཏེ(རྫ་བུམ་རང་ཉིད་ཡིན་པ)རང་རྐྱ་འཕེར་བའི་འཇིག་རྟེན་ཞིག་གྲུབ་པ་ཇི་བཞིན་ཐ་སྙད་དང་ཚིག་འབྲུའམ་སྒྱུ་རྩལ་བརྩམས་ཆོས་འགྲུབ་པའི་རྒྱུ(གཙང་པོ་དང་གླུ་སྐད)དག་ཀྱང་རང་རྐྱ་བའི་འཇིག་རྟེན་ཞིག་གྲུབ་པར་གནས།
དེ་ནས་སྙན་ངག་པ་རྟོག་པས་བཏགས་པའི་འཇིག་རྟེན་གྱི་ཁ་གཏད་དུ་ལངས་པའི་མངོན་སུམ་གྱི་འཇིག་རྟེན་ལ་ཁ་ཕྱོགས་ཏེ་དེའི་སྡུག་བསྔལ་གྱི་རང་བཞིན(ཆུ་གཞུང་།    ཁ་བའི་འདབ་མ།    ཚེ་སྲོག་གི་དོན་སྙིང་ཡོད་ཚད་སྟོང་བཞིན་པའི་དགུན་ཁའི་དུས་ཚིགས།     འཁྱག་སིབ་སིབ་ཀྱི་ཆུ་བོ)སྨྲས་ཤིང་དེའི་ཆུ་ཤེལ་ལྟ་བུའི་སྡུག་བསྔལ་བདེན་གྲུབ་ཀྱི་ངོ་བོ་གསལ་ལྷང་ངེ་བ(མེ་ལོང་ལྟ་བུའི་ཆུ་བོ)ལས་ཉམས་དམས་པའི་བདག་ཉིད(འདར་སིག་སིག་གི་རང་ཉིད་ཀྱི་ངོ་གདོང)མཐོང་བ་དང་དེ་ལས་སླར་ཡང་སྙན་ངག་གིའམ་སྒྱུ་རྩལ་གྱི་རྟོག་པས་བཏགས་པའི་འཇིག་རྟེན(རྫ་བུམ་ནག་པོའི་སྐོར་གྱི་རྨི་ལམ)དེ་དྲན་པར་བྱས་པས།      གང་དེས་སྐབས་དེའི་རང་ཉིད་ནི་རྟོག་པས་བཞེངས་པའི་རྨི་ལམ་གྱི་ཀློང་དུ་འཚོ་བའམ་མངོན་སུམ་བདེན་གྲུབ་ཀྱི་འཇིག་རྟེན་དུ་གནས་པ་གང་ཡིན་ལ་ཡིད་གཉིས་ཀྱི་རྒྱ་རུ་ཚུད་པར་གྱུར་ཏེ་རང་ཅག་ལ་དབང་པོ་ལྔས་ཟིན་པའི་ཕྱི་རོལ་གྱི་ཡུལ་དེ་དང་སྙན་ངག་གི་རྟོག་པས་བསྐྲུན་པའི་འཇིག་རྟེན་དེ་གཉིས་ལས་དོན་དམ་གང་བདེན་པར་གྲུབ་ཚུལ་གྱི་དྲི་བ་ཞིག་འཕངས་ཡོད།    
   ཚན་པ་ཕྱི་མ་དེར་སྙན་ངག་པ་ཕྱི་རོལ་མངོན་སུམ་གྱི་འཇིག་རྟེན་ནས་རང་གི་སྟེང་ལ་ཕྱོགས་ཏེ་བདག་གི་ངོ་བོའམ་རང་བཞིན་ཞིག་མངོན་པར་བསྟན་ཡོད་པ་ནི་འདི་ལྟ་སྟེ།     “ང”ཡིས་རང་ཉིད་ནི་རྟོག་པ་མཐའ་ཡས་པའི་ཀློང་གི་འཁྲབ་ཆས་ཙམ(རྨི་ལམ་ཀློང་གི་འཁྲབ་ཆས)དང་ཚོར་བ་སྐད་ཅིག་མ(གྲང་བསིལ་གྱི་སྣང་བ་ཚོར་རྟོག་ཐུབ་པའི་སྐད་ཅིག་མའི་འདུ་ཤེས)ཙམ་ལས་མ་འདས་ཞེས“ང”ཡི་མི་རྟག་པའི་རང་བཞིན་རྗེན་པར་བསྟན་པར་གྱུར་མོད།     ཅི་གང་ཟག་ཐམས་ཅད་ཀྱིས་འཇིག་རྟེན་གྱི་མི་རྟག་པའི་ཆོས་ཡོད་རྒུ་ལས་རྟག་པའི་རང་བཞིན་ཅན་གྱི་ཆོས་ཤིག་འཚོལ་དུ་འདོད་པ་ནི་འཇིག་རྟེན་ཐུན་མོང་གི་ཆོས་ཉིད་ཅིག་ཏུ་སྣང་བས་ན་འདིར་ཡང་ཚིག་སྔ་མའི་མི་རྟག་པའི་ཆོས་དག་ལས་བརྒལ་ཏེ་བསམ་གཞིག་ཁོ་ནའི་ཀློང་ཡངས་པོ་ལས་རྟག་པའི་ཆོས་ཤིག་མི་འཚོལ་ཀ་མེད་དུ་གྱུར་པར་སྨྲས་ཡོད།
    སྙན་ངག་ཧྲིལ་པོ“རྫ་བུམ་ནག་པོ”ཞེས་པའི་མཚོན་བྱེད་ཀྱི་རང་བཞིན་དང་ལྡན་པའི་ཡིད་བརྙན་ལྟེ་བར་བྱས་ནས་མངོན་སུམ(ཕྱིའི་ཡུལ)དང་རྨི་ལམ(ཡུལ་ཅན།   སྙན་ངག་གི་རྟོག་པ)གྱི་འབྲེལ་བར་མནོ་བསམ་བགྱིས་ཡོད་མོད།    དེ་དག་གི་རང་བཞིན་ནམ་ཕྱིའི་ཁྱད་ཆོས་རབ་རིབ་མག་མོག་ཅིག་བསྟན་པ་ལས་ནང་གི་འབྲེལ་བ་དང་ཆོས་ཉིད་མངོན་པར་གསལ་བ་ཞིག་བརྗོད་མེད་པའི་ཁར“ང”ཞེས་པའི་རྗོད་པ་པོ་རྗོད་པའི་ལས་ཀ་ལ་ཞུགས་པ་མང་དྲགས་པའི་རྐྱེན་གྱིས“རྫ་བུམ་ནག་པོ”ལ་སོགས་པའི་མཚོན་བྱེད་ཀྱི་རང་བཞིན་མངའ་བའི་ཡིད་བརྙན་རྒྱ་ཆེན་པོ་དང་གཏིང་ཟབ་མོར་བཀྲལ་ནས་ངོ་བོ་རི་མོའི་ཚུལ་དུ་སྟོན་པར་གེགས་བཟོས་ཤིང་།    “དྲང་མོར་བཤད་ན”ལྟ་བུའི་རྗོད་བྱེད་ཐག་ཆོད་པ་དག་གིས་བརྗོད་བྱའི་དོན་རྣམ་པར་བཀྲོལ་བ་ལའང་བར་ཆད་དུ་སོང་ཡོད་ཕྱིན།     སྙན་ངག་ཧྲིལ་པོའི་ཡིད་བརྙན་གྱི་གྲུབ་ཚུལ་ཚགས་མི་དམ་པས་མཚོན་བྱེད་བསྟན་པ་བརྗིད་མི་ཆེ་བ་དང་བརྗོད་པ་ལྷུག་ཤས་ཆེ་བའི་སྐྱོན་མཐོང་ངོ་།།

མཆན། 
 1 .  Anecdote of the Jar

I placed a jar in Tennessee,
And round it was, upon a hill.
It made the slovenly wilderness
Surround that hill.

The wilderness rose up to it,
And sprawled around, no longer wild.
The jar was round upon the ground
And tall and of a port in air.

It took dominion everywhere.
The jar was gray and bare.
It did not give of bird or bush,
Like nothing else in Tennessee.

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆི་མེད། གཅན་མེ་སྟག རིག་ལྡན་རྒྱ་མཚོ། ལྡོང་བུ་བཅས་ཀྱིས 《རྫ་བུམ་ནག་པོ》གླེང་བ།

2020-06-04 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།