འབྲི་ཐབས་མི་འདྲ་བས་བྲིས་པའི་ལྷུག་རྩོམ་ཁག་ཅིག

རྗེས་དྲན། ཡིད་འགྱུར་ལྷུག་རྩོམ།

ལོ་འདི་ཚོར། ངས་ཞོགས་པ་དང་ས་སྲོད་རེ་རེའི་རླུང་དང་མཁའ་དབུགས་གཤགས་ནས་ཕ་ཡུལ་དུ་བསྐྱོད། དར་ཤིང་རྙིང་སོང་ཞིག་གི་ལོགས་སུ། རྐང་རྗེས་བརྩེགས་མའི་ས་རྡུལ་བསླངས། འཁྱིལ་བཞིན་པའི་ཆུ་དང་འབབ་བཞིན་པའི་ཆར་བ་ཉམས་སུ་མྱངས། སྐབས་དང་སྐབས་སུ། ཤར་ལྷོ་གང་རུང་ནས་ཐོན་ཏེ་ལམ་མདོའི་འགྲུལ་པ་གཏོལ་མེད་རེ་ཡང་ཡིན་ཁུལ་བྱས།
ཉིན་མོ་དེར། ཕ་ཡུལ་གྱི་རི་རྩེ་དག་ཏུ་ཐལ་མདོག་གི་སྤྲིན་པ་འཁྲིགས། ཐལ་མདོག་གི་སྤྲིན་པའི་འོག་ཏུ་ཐལ་མདོག་གི་འཆི་བདག་ཉལ། འཆི་བདག་གིས་ལྕགས་ཀྱི་ལག་པ་བསྲིངས་ཏེ། ངའི་སེམས་ཀྱི་ཉིན་ཕྱོགས་དང་སྲིབ་ཕྱོགས་ཀྱི་གོ་ས་བརྗེས། ཉིན་ལ་རྡོ་བ་སྤུངས་ཤིང་སྲིབ་ལ་ཡང་རྡོ་བ་སྤུངས།
དེ་དུས། ངའི་མིག་མཐའ་མཆི་མས་བརླན། དེ་དུས། ངས་ཨ་མ་ཞེས་ལྷང་ལྷང་བོས། དེ་དུས། ངས་རང་གིས་བྲང་ཁའི་ཤ་ཐོག་ལ་རང་གིས་སེན་མོ་སྤྱད་ནས་ནམ་ཡང་བརྗེད་མི་སྲིད་པའི་ཡི་གེ་འགའ་བྲིས། དེ་དུས། ཨ་མ་ན་རེ། གྲང་ནས་བཟོད་ཀྱི་མི་འདུག་ཟེར། དབྱར་ཁའི་ཉི་འོད་མེ་བཞིན་ཚ་ནའང་། ང་དང་སྤོ་བོ་རྒྱ་མཚོ་གཉིས་ཀྱིས་ཨ་མའི་ཉལ་གོས་ཇེ་མཐུག་ལ་བཏང་། དེ་ནས་ཨ་མ་ཅུང་ཟད་བདེ་ཐལ། ཡིན་ནའང་གློ་བུར་དུ་མ་བདེ་ཐལ།
ཉིན་མོ་དེའི་ཞོགས་པར། ངས་བྱིས་པ་ཞིག་ནང་བཞིན་བལྟར་མི་བཟོད་པའི་ཉི་མར་བལྟས། ང་ཡི་བསམ་པ་ཞིག་ལ་དེ་ནི་ངས་ཨ་མའི་ཚབ་བྱས་ཏེ་ཉི་མར་བལྟས་པ་ཡིན་སྙམ་གྱི་ཡོད། ཉི་མའི་ནང་ན་ཉི་མ་མ་གཏོགས་ཅི་ཡང་མི་འདུག་ལ། ཉི་མའི་ཕྱི་ནའང་ཉི་མ་མ་གཏོགས་ཅི་ཡང་མི་འདུག བལྟས་བལྟས་པས་ཉི་འོད་དྲག་པོས་ངའི་མིག་ཟུང་ལ་ན་ཟུག་བཏང་། ག་ལེར་མིག་ཆུ་ཡང་བཞུར་དགོས་བྱུང་།
ཉིན་གུང་སྲིང་མོས་ཁྱོད་རང་ཅིའི་ཕྱིར་ངུས་པ་ཡིན་ཟེར། ངས་ངུས་མེད་ཅེས་ལན་བྱིན། སྲིང་མོས་ངུས་དྲགས་ནས་མིག་ཆུའི་ཤུལ་ཀྱང་བབས་འདུག་ན་ད་དུང་མ་ངུས་ཟེར་རམ་ཟེར། ངས་ཉི་མར་བལྟས་རབས་མ་བཤད།
ཕྱི་དྲོ་དེར་ཨ་མའི་བསེར་བུ་བུད་ཐལ། ཕྱི་དྲོ་དེར་ངའི་མིག་ཆུ་མང་པོ་ཤོར།
མཚམས་སྤྲིན་ཕྱེད་ནག་ཕྱེད་དམར། ཉི་མ་ཕྱེད་ནུབ་ཕྱེད་ཤར། ས་གཞི་ཕྱེད་སེར་ཕྱེད་ལྗང་། དེ་འདྲའི་ཕྱི་དྲོ་མང་པོར། ང་ཚོ་ལས་དབང་གི་རླུང་གིས་གཡོས། ང་ཚོས་ལས་དབང་གི་གྲམ་པ་བརྒལ།
བསམས་ཤིང་བསམ་ན། ང་ཚོ་བྲག་རི་དམར་པོའི་ཡང་རྩེ་རུ་འཛོམས་འདུག དེ་ནས་ཐུར་ལ་བལྟས་པས། སྡུག་བསྔལ་གྱི་རྩྭ་སྐྱ་དག་སྡུག་བསྔལ་གྱི་མེ་ལྕེས་སྦར་བ་མཐོང་། དེ་བས། ཅི་ཞིག་བྱས་ནའང་སྙིང་པོ་མི་འདུག ཅི་ཡང་མ་བྱས་ནའང་སྙིང་པོ་མི་འདུག སྙིང་པོ། སྙིང་པོ། ཁྱོད་གང་ན་ཡོད།
                                                                                                                         ༢༠༡༤ལོའི་སྤྱི་ཟླ༧པའི་ཚེས༢༠ལ།

འཇིག་རྟེན་ནམ་འཇིག་རྟེན་བྱེད་པོ། ད་དུང་མི། མཚན་ཉིད་ལྷུག་རྩོམ།

འབུ་སྡོམ་གྱིས་བལ་རྒྱ་བཟོས་པ་དང་གྲོག་མ་ཡིས་གྲོག་མཁར་བརྩིགས་པ་དེར་དོ་བདག་རང་རང་ནི་ངའོ་སྙམ་པའི་ང་རྒྱལ་གྱིས་བཟི་ཡོད་ཐང་། དངོས་གནས་བྱས་ནའང་། བལ་རྒྱ་དང་གྲོག་མཁར་ནི་འབུ་སྡོམ་དང་གྲོག་མའི་ལུས་བོངས་ཆུང་ངུ་དེར་བསྡུར་ན་བཟོ་བཀོད་ཆེ་ཤོས་ཤིག་ཅི་ལ་མིན། ཧ་ལམ་མི་ཡིས་གནམ་གྲུ་དང་གྲོང་ཁྱེར་བཟོས་པའི་ཚོད་ཙམ་ཡིན་ངེས།
མི་ཡིས་གནམ་གྲུ་དང་གྲོང་ཁྱེར་སོགས་བྱས་རྗེས་ཧ་ལས་ཤིང་ཧང་སང་དོན་ནི་མི་རང་ཉིད་ལ་ལྟོས་ཏེ་ཡིན་ནོ། ། དེའང་དོ་བདག་མི་ནི་ཆུང་དྲགས་པ་དང་གཅིག མི་དང་བསྡུར་ན་མི་ཡིས་བསྐྲུན་པའི་རྫས་ཏེ་གནམ་གྲུ་དང་གྲོང་ཁྱེར་ཆེ་དྲགས་པ་གཉིས་ཀྱིས་སོ། །
གཞན་དུ་ནི། མིའི་རིགས་ཀྱིས་རང་ཉིད་བྱུང་བ་ནས་ད་བར་དུ་བསྐྲུན་པའི་འོད་ཀྱི་རིགས་གང་ཞིག་ཀྱང་ཉི་མ་དང་ཟླ་བའི་ཟླར་བཞག་ཆོག་པ་ཞིག་མེད་ན། བརྒྱ་ལ་ཉི་མ་དང་ཟླ་བའི་ཚད་དང་མཉམ་པའི་གཟུགས་པོ་ཅན་ཞིག་གམ་དེ་ལས་ཀྱང་ཆེ་བའི་སེམས་ཅན་ཞིག་གམ། གནམ་ས་ཉི་ཟླ་སོགས་བསྐྲུན་པའི་བྱེད་པོ་ཞིག་ཡོད་པའི་དབང་དུ་བཏང་ན། དེའི་གམ་དུ་མི་དང་མི་ཡིས་བྱས་པ་དག་ནི་ཨ་འུ་ཙི་སྟེ། ཧ་ལམ་གྱི་མི་ཡི་གམ་དུ་འབུ་སྡོམ་དང་གྲོག་མ་སོགས་ཀྱིས་བལ་རྒྱ་དང་གྲོག་མཁར་བཟོ་བའི་ཚུལ་ལས་མ་འདས་ཨང་།
བལ་རྒྱ་དང་གྲོག་མཁར་ནི། མི་ཞིག་གི་ཅི་མི་སྙམ་པའི་ཕུ་གཅིག་གིས་ཀྱང་མེད་པ་བཟོ་ཐུབ་པ་མ་ཟད། སྟབས་ཉེས་ན་དེའི་དོ་བདག་སྡོམ་གྲོག་དང་བཅས་པ་གཅིར་བར་བྱེད། མི་ཚོས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་དེ་འདྲའི་ལས་ཀ་བརྩམས་དང་རྩོམ་བཞིན་པའང་ཡིན།
ཡིན་ནའང་། འབུ་སྡོམ་དང་གྲོག་མས་ནི་སོ་སོའི་འཇིག་རྟེན་དེ་ཅི་ཞིག་གིས་རླག་བཞིན་པ་ཤེས་ཀྱི་ཨེ་ཡོད་སྙམ།
དེ་ནི། མི་དང་བསྡུར་ན་འབུ་སྡོམ་དང་གྲོག་མ་ཆུང་དྲགས་པས་ཡིན། མིས་ཕར་མཐོང་ཡང་ཁོ་ཚོས་ཚུར་མི་མཐོང་། མཐོང་བའི་དབང་དུ་བཏང་ནའང་མིའི་ལྷམ་དང་གོས་སོགས་ཀྱི་ཟུར་ཕྲ་མོ་ཙམ་གྱི་ཆ་ཤས་ཀྱི་ཡང་ཤས་ཤིག་ལས་མང་མི་སྲིད། དེ་ཡང་མི་ཡིས་འཇིག་རྟེན་ཁམས་ལ་ལྟ་བ་དང་མཚུངས་ཏེ། མི་ཡིས་གནས་དུས་གཅིག་ནས་མཐོང་བའི་གནམ་དང་ས་སོགས་ནི་དེ་དང་དེའི་ཧྲིལ་པོ་མིན་པར་ཆུང་དྲགས་པ་ནི་འབུ་གྲོག་གིས་མིའི་ཆ་ཤས་ཀྱི་ཡང་ཤས་ཤིག་མཐོང་བ་ལས་ཀྱང་མ་ཆུང་ན་མ་ཆེ་སྙམ།
ང་ཚོས་ང་ཚོ་ལས་ཆུང་དྲགས་པའི་སྡོམ་གྲོག་སོགས་ལ་བལྟས་ཚེ་ཇི་འདྲར་སྣང་བ་དེ་འདྲ་ནི། ང་ཚོ་ལས་ཆེ་དྲགས་པ་སྟེ་གཟུགས་པོ་ཉི་ཟླ་དང་མཉམ་པ་ཞིག་གིས་ང་ཚོར་བལྟ་སྐབས་ཀྱང་དེ་ཁོ་ན་འོང་ངེས།
མི་ཡིས་ཉི་མ་དང་ཟླ་བའི་ཆེ་ཆུང་ལ་འདི་འདྲ་དང་དེ་འདྲ་འདུག་ཅེས་དང་། ང་ཚོ་ཟླ་བའི་སྒང་ལ་སོང་མྱོང་ཞེས་སོགས་ང་ཆེ་ང་བཙན་སྨྲ་བ་ནི། འཇིག་རྟེན་ནམ་འཇིག་རྟེན་བྱེད་པོར་མཚོན་ན་ཕན་གནོད་གང་ཡང་མེད་པའི་གཏམ་ཞིག་རེད་ཨང་། དེ་ཡང་སྡོམ་དང་གྲོག་མ་འགའ་རེ་མིའི་ཕྲག་སྟེང་ལ་འགོས། སྐྲ་གསེང་དུ་ཉུལ། སོ་ཆུང་རེ་བཏབ་རྗེས། འགྲོ་བ་མི་ཞེས་པར་མཛུབ་མོ་འདི་ཙམ་འདུག མིའི་ཁ་དང་རྣ་བའི་རིང་ཚད་དེ་ཙམ་རེད་ཅེས་གཏམ་ལབ་པ་དང་ཤིན་ཏུ་མཚུངས། དེ་ཙམ་གྱིས་ནི་སྡོམ་གྲོག་གིས་འགྲོ་བ་མི་ལ་དབང་བསྒྱུར་སོང་བ་སྟོན་ནམ། དེ་ཙམ་གྱིས་ནི་སྡོམ་གྲོག་གིས་མིའི་རིགས་ཀྱི་གསང་བ་བརྟོལ་སོང་བ་མཚོན་ནམ། དཔེ་དེ་ནང་བཞིན། མི་ཚོས་འཇིག་རྟེན་ཁམས་ཀྱི་ཆ་ཤས་ཆུང་ངུ་ཞིག་གི་ཡང་ཤས་ཙམ་སྟེ་ཉི་ཟླ་སོགས་ལ་བཏུད་ཙམ་ཐུག་ཙམ་བྱས་རྗེས་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ལ་ག་རེ་ག་རེ་བྱས་སོང་ཞེས་སྨྲ་བ་དེར་གཏོད་ཅི་ཞིག་མཆིས་ཏེ་མ་མཆིས་སོ། །
མི་དང་བསྡུར་ན་སྡོམ་དང་གྲོག་མ་སོགས་འབུ་རེད་ལ། འཇིག་རྟེན་ནམ་འཇིག་རྟེན་བྱེད་པོ་དང་བསྡུར་ན་མི་རང་ཡང་འབུ་ཙམ་ལས་གཞན་ཞིག་ཏུ་མིང་འདོགས་མི་འདུག་ཨང་། འབུ་སྡོམ་དང་གྲོག་མ་སོགས་ཀྱིས་ཚེ་ཚེ་རབས་རབས་སུ་བསགས་པའི། སྒྲུང་དང་རྒྱལ་སྲིད། གཏམ་དང་ལོ་རྒྱུས། མཁར་དང་རྒྱུད་པ་སོགས་མི་ཞིག་གི་གཅིན་པ་གཏོང་ཐེངས་གཅིག་གིས་སམ་ལྷམ་མཐིལ་གྱི་ཟུར་ཞིག་བཀོལ་ཏེ་ཡང་རྩ་བརླག་ཏུ་གཏོང་ཉེན་ཆེ་བ་ནང་ལྟར། འཇིག་རྟེན་ནམ་འཇིག་རྟེན་བྱེད་པོའི་གམ་དུ་ཉམ་ཆུང་ལ་མཐུ་ཕྲ་བའི་མི་ང་ཚོས་ཚེ་ཚེ་རབས་རབས་ལ་བསགས་པའི། སྒྲུང་དང་རྒྱལ་སྲིད། གཏམ་དང་ལོ་རྒྱུས། མཁར་དང་རྒྱུད་པ་སོགས་འཇིག་རྟེན་ནམ་འཇིག་རྟེན་བྱེད་པོའི་རྣམ་འགྱུར་ཡིན་པའི་ས་འགུལ་ཕྲན་བུ་ཞིག་གམ་ཆུ་ལོག་ངན་ནེ་བ་ཞིག་གིས་རྩ་བརླག་ཏུ་གཏོང་མི་སྲིད་མ་རེད་ཅེས་ཁྱོད་སྙམ་མམ།
རྩོམ་པ་པོ་གྲགས་ཅན་རྨི་ལན་ཁིན་རྡི་ར(Milan Kundera)ཡིན་ནམ་གཅིག་གིས། མི་ཡིས་བསམ་བློ་གཏོང་རྩིས་བྱས་མ་ཐག །འཇིག་རྟེན་བྱེད་པོ་ཁོང་དགོད་ཤོར་རྐྱང་བྱེད། ། ཅེས་ཐལ་བ་དེ་ཡང་། གཞལ་མེད་རབ་འབྱམས་ཀློང་ཡངས་ཀྱི་འཇིག་རྟེན་ཧྲིལ་པོ་དེ་དང་ནུས་ཟད་ཤུགས་ཆུང་ཆོ་མེད་ཀྱི་མི་གཉིས་པོའི་ཡེ་ནས་བསྡུར་ཐབས་བྲལ་བའི་ཧེ་བག་རིང་མོ་གང་ཞིག་མཐོང་བས་ཡིན་ཤས་ཆེ།

རྩ་བའི་རྩ་བ། མཚན་ཉིད་ལྷུག་རྩོམ།

དང་པོ་ཙ་ན། མི་ཚོ་ད་ལྟ་ནང་བཞིན་གྱི་དྲན་རྒྱུ་རྒོད་པོ་ཅན་ཞིག་མིན་ལ། རྙོག་དྲ་ཅན་གྱི་ངོས་འཛིན་སྣ་ཚོགས་ཀྱང་ཡོད་པ་མིན། ཁོ་ཚོས་ནུ་མ་དང་མཚན་མ་བསྟན་ཏེ་འཚོ་བ་བྱེད་ཅིང་། བཟའ་བཅའ་དང་ཕྱི་སའི་ཁྱད་པར་མི་ཕྱེས་པའི་དུས་ཤིག་ཏན་ཏན་བྱུང་ཡོད་ཤས་ཆེ།
ངོ་མ། རྣམ་རྟོག་བཟང་ངན་གྱི་རྒྱ་རལ་ཞིང་ཤེས་པའི་འགྲོ་འོང་རུས་སྦལ་ནང་བཞིན་དལ་བའི་མཉམ་ཉིད་ཟངས་ཐལ་གྱི་སྐབས་ཤིག་བྱུང་ཡོད་ཤས་ཆེ་ཨང་།
ཇི་ཞིག་ན། མི་རུ་འབོད་རུང་མི་རུང་ཙམ་གྱི་སེམས་ཅན་རིགས་དེས། དོན་མེད་པའི་ར་སྐད་དང་ཕག་སྐད་འདྲ་བའི་ཁ་ངག་འཆོལ་ལེ་བ་སྣ་ཚོགས་རིང་དུ་བྱས་པས། ལྐུགས་པའི་མཚམས་ལས་བརྒལ་བའི་བརྡ་སྐྱོ་བོ་དག་རྙེད།
དེ་ནི་ཁོ་ཚོས་བྱུང་བྱུང་འདོད་འདོད་ཀྱིས་ཤོད་རེས་བྱེད་ཅིང་། ཡུན་གྱིས། བྱུང་བྱུང་འདོད་འདོད་དུ་རྒྱལ་ཏེ་ཀུན་གྱིས་སྤྱོད་པ་ཞིག་བྱུང་། དེ་ལ༼འདོད་རྒྱལ༽གྱི་བརྡ་ཟེར། མིའི་རིགས་ཀྱི་སྐད་ཆའི་རྩ་བ་ཡིན་སྐད།
སྐབས་དེར། མི་འམ་མི་མ་ཡིན་དེ་ཚོས། ཕྱིས་ཤིག་ལ་སེམས་ཅན་མ་ལྐུགས་གོང་ཙམ་གྱི་ཁོ་ཚོའི་འོ་དོད་དེ་འཕེལ་ནས་ཆོས་ལུགས་དང་རྩོམ་རིག་ཟེར་ཡ་སོགས་འགྲུབ་འགྲོ་བ་ག་ལ་ཤེས་ཨང་།
ཁོ་ཚོའི་མི་རྒྱུད་ཕྱི་མའི་ཕྱི་མ་དག་གིས། བརྡ་འམ་འོ་དོད་དེར་བརྟེན་ནས་ཆོས་རྣམས་ཀྱི་སྤྱི་དང་བྱེ་བྲག་ལ་བག་ཙམ་དཔྱོད་མདོག་བྱས། ཡ་ལ་ཡུན་གྱིས་འདི་ཡིས་འདི་ལ་ཕན་དང་དེ་ཡིས་དེ་ལ་གནོད་སོགས་ཀྱི་ཁྱད་པར་བཀར་ཁུལ་བྱས། དུས་རབས་བགྲང་གིས་མི་ལངས་པ་ཞིག་གི་འཕྲོར། འདི་དང་འདི་ལྷན་དུ་བསྒྲིལ་ན་ནུས་པ་འདི་ཐོན། དེ་དང་དེ་མཉམ་དུ་སྦྲེལ་བས་དགོས་དོན་དེ་ཡོད་སོགས་གཏམ་དུ་སྨྲ་བར་གྱུར།
དེའི་ཡང་ཕྱིས་ཀྱི་བློ་མཛངས་པར་གྲགས་པ་དག་གིས། མིའི་རིགས་སུ་འབོད་པ་དེ་བྱུང་ཚུན་ཆད་ཀྱི་དཀར་ཆག་དང་ཁ་ཡིག་མ་བརྒྱབ་པའི་དྲན་ཚུལ་མང་པོར་དེང་སྐད་ཀྱིས་ལབ་ན་དོ་དམ་བྱེད་མགོ་བརྩམས་པ་རེད།
ཅི་ལྟར་ཞེ་ན། འདྲེས་པ་སོ་སོར་བཀར། བསྣོལ་བ་གཉིས་སུ་ཕྲལ། ངོ་བོ་དང་རྣམ་པའི་ཁྱད་པར་སོགས་ཅུང་ཟད་ཧ་གོ་སོང་ཁུལ་བྱས། རིམ་པས་གཅིག་ལ་ཆོས་ལུགས་ཞེས་མིང་བརྒྱབ། གཅིག་ལ་མཚན་ཉིད་རིག་པ་ཞེས་མིང་བརྒྱབ། གཅིག་ལ་ཚན་རིག་ཅེས་མིང་བརྒྱབ། གཞན་གཅིག་ལ་རྩོམ་རིག་ཅེས་མིང་བརྒྱབ། ད་དུང་ཉིང་ལག་ཡང་ལག་ཕྱེས་ཏེ་ལུགས་འདིའི་བྱེ་བྲག་དང་ལུགས་དེའི་བྱེ་བྲག་སོགས་ཀྱི་ཁྱད་པར་ཕྱེས་སོ། །
འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་ཧྲིལ་པོ་ཡིན་ལ། སྐད་ཆ་རིག་པ་དང་ཆོས་ལུགས་རིག་པ་དང་མཚན་ཉིད་རིག་པ་སོགས་ཀྱི་ལོ་རྒྱུས་ཀྱང་ངོ་། །
སྨྲས་པ། ཆོས་ལུགས་གཏོགས་པའི་རིག་པ་ཐམས་ཅད་ནི། །བརྡ་སྤྲོད་ལས་སྐྱེས་བརྡ་སྤྲོད་ཟེར་བ་དེ། །ཡ་ཐོག་རྨོངས་པ་དག་གིས་འདོད་འདོད་དུ། །བསྐྱུགས་པར་བྱས་པའི་སྒྲ་ལས་སྐྱེས་སོ་ལོ། །དེས་ན་བརྡ་ལ་བརྟེན་དག་སྙིང་རེ་རྗེ། །བརྡ་མེད་དུད་འགྲོ་ལྷག་ཏུ་ཞེ་རེ་ཁྲེལ། །

ཇ་འཐུང་ཞོར་ཁ་བརྡ་གློད་པ། དོན་བརྗོད་ལྷུག་རྩོམ།

ལོ་འདི་ཚོར་ང་རང་ཇ་ཁང་སྣ་ཚོགས་སུ་མགོ་རྒྱག་རྒྱུར་ལོབས། ཉིན་རྟག་པར་ཇ་ཁང་ལ་བསྡད་ཡོད་སྨྲས་ནའང་སྐྱག་རྫུན་དུ་མི་འགྲོ་བ་ཡིན། ཇ་འཐུང་ཞོར་སྒྲ་དྭངས་ཤིང་གདངས་དམའ་བའི་གླུ་མ་དབྱངས་ཤིག་ལ་མཉན་པའམ། གནའ་རྩོམ་ཤོག་ལྷེ་འགའ་རེ་རུས་སྦལ་ནུར་འགྲོས་ཀྱིས་ཀློག་རྒྱུ་ནི་གུས་པ་འཇུག་སྤྲོ་ཤོས་ཡིན།
ཁྱད་པར་དུ་ཇ་ནག་གི་རིགས་སུ་གཏོགས་པའི་རྒྱ་སྐད་དུ༼普洱茶༽འབོད་པ་དེར་མི་ཟད་པའི་ཞིམ་སྣང་བརྙེད་པ་ནས། ག་ལེར། ཇ་འཐུང་སའི་གནས་དང་། འཐུང་སྤྱད་ཕོར་བ། འཐུང་མཁན་འདུག་སའི་འབོལ་ཁྲིའམ་ཚུགས་ཀ་གཞན་གྱིས་བྱས་པའི་འདུག་སྟེགས་ཅི་རིགས། དེའི་སྔུན་ལ་ཡོད་པའི་ཅོག་ཙེ། དེའི་ཡང་སྟེང་ལ་ཡོད་པའི་ཇ་ཕོར་བརྟེན་ས་སྟེ་ཇ་ཅོག་གམ་ཇ་སྟེགས་སུ་འབོད་པ་སོགས་ལ་རང་ངོས་ནས་ཡག་སྡུག་གི་ལྟ་བ་གང་འཚམ་ཡོད་པར་གྱུར།
ང་ནི་གནམ་གཤིས་དང་བཟའ་བཏུང་གང་ཐད་ནས་ཚ་གྲང་གཉིས་ལས་སྔ་མར་དགའ་ཞིང་ཕྱི་མར་གཡོལ་མཁན་གྱི་གྲས་ཡིན་པས། ཆུང་དུས་ནས་ནང་མིས་སེམས་ཅན་གྲང་སྡུག་ཅན་ལ་བརྩི། གཟུགས་པོར་གྲང་ཤུམ་ཡོང་སླ་བས་སྲབ་དྲགས་པའི་གོས་མི་གྱོན་ལ། མ་བསྐོལ་བའི་ཆུ་སོགས་སྤྱིར་བཏང་མི་འཐུང་།
ཇའི་བསྟན་བཅོས་དག་ཏུ། ཕུའུ་འེར༼普洱茶༽ཞེས་པའི་ཇ་ལ་དྲོད་སྟེར་བའི་ཁྱད་ཆོས་ཡོད་ཁར་༼ཟ་མ་འཇུ་ཞིང་ཕོ་བ་ལ་ཕན་༽ཟེར་བྲིས་ཀྱང་བྲིས་ལ་བདེན་ཡང་བདེན་འདུག་སྟེ། ཇ་འདི་འཐུང་ཐེངས་རེར་ངའི་ཁོག་པའི་ནང་བདེ་བ་ཕྲན་བུ་ཞིག་ཐོབ་ཅིང་རིམ་པས་ལུས་ཕྱི་ནང་རིལ་པོར་ཁྱབ་ཀྱི་ཡོད།
ལུས་དྲོས་ཤིང་ངར་བ་ཡིས་སེམས་ལའང་ཆོས་ལུགས་ཁག་ལས་བཤད་པའི་༼བྱིན་རླབས་༽ལྟ་བུའི་ཅི་ཞིག་འཛུལ་བར་བྱེད། དེ་བས་ངས་ཕུའུ་འེར་༼普洱茶༽ཞེས་པའི་ཇ་འདི་བཏུང་བ་ཡག་ཤོས་རེད་མ་ལབ་ཐབས་མེད་བྱུང་། ང་ལ་འཐད་པས་གཞན་ལ་འོས་པའི་ངེས་པ་མེད་མོད་འབྱུང་བ་རིགས་མཐུན་དག་ལ་གང་འཚམ་སྨན་ལས་ཆེ་ཡང་སྙམ། དེས་ན། ངའི་ཁ་ལ་དོན་དག་ཡོད་སྙམ་མཁན་དག་གིས་ལན་ཁ་ཡར་ཇ་འདི་བསྟེན་པར་ཞུ།
ང་ཚོའི་མི་རིགས་ཀྱི་མི་རབས་འདིའི་ཡོད་པོས་རྒྱས་སྤྲོས་ཆུད་ཟོས་བྱེད་ཅིང་། མེད་པོས་ཀྱང་བརྒྱ་ལོར་གཅིག་ཡོད་ནའང་རྩ་བརླགས་མ་བྱས་ན་སེམས་མི་བདེ་བ་ཞིག་ཡོད་པ་རེད། ཟི་ལིང་ལྟ་བུ་ལ་མཚོན་ན། ཁྲུས་ཁང་རྫིག་ཤོས་དང་གསོལ་ཁང་རྒྱས་ཤོས། ཆང་ཁང་ཡག་ཤོས། ཇ་ཁང་སྐྱིད་ཤོས། KTVའཁྲུག་ཆ་དོད་ཤོས་སོགས། མདོར་ན་གང་རྩེད་ས་དགོད་ས་ཡིན་པའི་རིམ་པ་དང་ཚད་གཞི་མཐོ་ཤོས་ཚང་མ་བོད་མི་དག་གི་འགྲོ་འཆག་ཉལ་འདུག་གི་གཞི་རུ་མ་གྱུར་པ་ཧ་ལམ་མེད་ཟེར་ཆོག གནས་དེ་དག་ཏུ་རྒྱ་དང་རྒྱ་སེར་རྩ་ནས་མེད་པ་མིན་མོད། ཁོ་རང་ཚོའི་མི་གྲངས་དང་རྒྱུ་སྟོབས་སོགས་དང་བསྡུར་ན་མང་ཉུང་རན་པ་ཞིག་ལས་མི་འདུག་པ་འདྲ།
གང་ལྟར། ང་ཚོའི་མི་རིགས་ཀྱི་མང་པོ་ཞིག་༼ཡོད་ཀྱི་ཁར་གསོག་འདོད་མེད་ཅིང་མེད་ཀྱི་ཐོག་བརླག་འདོད་༽ཆེ་བ་ལ་ཚོད་མི་འདུག་པ་ཞིག་ཡོད་པ་རེད། བསམ་བརླག་པོ་ང་ཡང་དེ་གྲས་ཀྱི་གཅིག་ཡིན། ང་དང་སྐྱིད་སྡུག་གཅིག་པ་ཁག་ཅིག་འདི་བཞིན་ལྟོ་གང་ཞིམ་དང་གོས་གང་རྫིག གཏམ་གང་རྙོག་ལ་བསྐྱལ་ཅིང་བརྒལ་ནས་ཡོང་བའི་ད་ཚོད། ཕྱིར་བལྟས་ཤིག་བྱས་ན། ༼ལས་ཅི་བྱས་ཟེར་ན་འདི་བྱས་ཤིག་དང་ས་གར་སོང་ཟེར་ན་དེར་སོང་༽ཞིག་དངོས་འབྲེལ་མེད་པའི་ཚོད་རེད། བསམས་ཤིང་བསམ་ན་༼གོ་ཁའི་ནང་རྒས་༽གྲབས་ཡོད་པའི་སེམས་འཚབ་ཀྱང་མི་སྐྱེ་རང་དབང་ཅི།
བྱས་ན། ད་ནི་ཉིན་རེའི་འཚོ་བ་རོལ་སྟངས་ལ་འགྱུར་བ་ཏོག་ཙམ་གཏོང་དགོས་པའི་དུས་ཚོད་ལ་སླེབས་འདུག་སྙམ་གྱི་ཡོད། དེ་ནི་གང་འདྲ་ཞིག་ཡོད་ཅེ་ན། ཁོར་ཡུག་གིས་འཁྲུལ་དུ་བཅུག་ཡོད་པའི་ཁར་ཡང་བསྐྱར་འཁྲུལ་བ་གཞན་ཞིག་འཁུར་ཡོང་བའི་ཆང་དང་ཆང་གི་རིགས་ལ་རྩ་བ་ནས་འབྲེལ་ཐག་གཅོད་རྒྱུ། ངོ་དཀར་ལུས་ཕྲ་ཡོད་ཚད་ཀྱི་ཆེད་དུ་དུས་ཚོད་གཏོང་བ་དེ་མི་ཡོང་བ་ཞིག་རེད་པས་ཇེ་ཉུང་གཏོང་རྒྱུ། གླུ་ཁང་གར་ཁང་དུ་ལག་པ་གནམ་ལ་བསླངས་ཏེ་དང་རྟིང་པས་ཐང་ལ་བརྡབས་པའང་གྲངས་མེད་པས་འཕྲོ་ཕྱིན་ལོ་གཅིག་ལ་ཐེངས་མ་རེ་ཟུང་ལས་མི་བརྒལ་བ་བྱ་རྒྱུ།
མདོར་ན་དུས་ཚོད་མང་ཤོས་ཇ་ཁང་དུ་གཏོང་དགོས་སྙམ་གྱི་ཡོད། ལར་ཇ་ཁང་སྐྱིད་རིགས་སྐྱིད་ཚད་འགྲིམ་པ་ཡང་དེ་འདྲའི་བབས་ཆགས་ཤིག་མ་རེད་མོད། ཇ་འཐུང་ཞོར་དུ་དེབ་ཀློག་ཆོག་པ་ནི་ཡོང་སྒོ་དང་པོ་དང་། ཇ་འཐུང་ཞོར་དུ་ལྟ་ཚུལ་བརྗེ་རེས་བྱ་ཆོག་པ་ནི་ཡོང་སྒོ་གཉིས་པ་དང་། ཇ་འཐུང་ཞོར་དྲ་སྟེང་མྱུལ་ཆོག་པ་ནི་ཡོང་སྒོ་གསུམ་པ་སྟེ། ང་ལྟ་བུའི་འཁྱམས་པོ་གཏོལ་མེད་པ་ཞིག་ལ་མཚོན་ན་འདི་ཙམ་གྱིས་ཀྱང་སེམས་ལ་བདེ་བ་མི་ཉུང་བ་ཞིག་བསྐྲུན་ཐུབ།
གྲོགས་པོ་ཞིག་གིས། ཇ་འཐུང་བ་ལ་གཞན་དུ་འགྲོ་ཅི་དགོས། ཇ་ལོ་འདང་ཚད་ཅིག་ཉོས་ཏེ་རང་ཁྱིམ་དུ་རྔ་མོང་གིས་ཆུ་འཐུང་བ་བཞིན་བྱེད་ཆོག་གི་རེད་ཟེར་མོད། ལར་ཆོག་ལུགས་བཤད་ན་ཇ་མ་འཐུང་བར་ཆུ་འཐུང་ནའང་ཆོག་གི་རེད། བརྒྱ་ལ་འཐུང་ནའང་སྔར་བཞིན་ཇ་ནག་འཐུང་ཆོག་གི་རེད། སྡུག་ཐུག་ན་རྩྭ་ཇ་འཐུང་ནའང་ཆོག་གི་རེད། ཡིན་ཡང་དེ་ཙམ་ཞིག་ནི་སེར་སྣ་ཆེ་དྲགས་པས་དང་སྟབས་བདེ་དྲགས་པས་མི་འཐད།
ཇ་ཁང་མི་འདྲ་བའི་གནམ་གཅལ་མི་འདྲ། མཐིལ་ཤིང་མི་འདྲ། སྤྱིལ་བུ་མི་འདྲ། བར་ཚོམས་མི་འདྲ། ཇ་ཕོར་ཚུན་ཆད་མི་འདྲ་བས། ཁམས་དྭངས་པ་དང་ལྷིང་འཇགས་ཡོང་བ་སོགས་ཀྱི་ཆེད་དངུལ་གང་འཚམ་ཞིག་བརླགས་ཏེ་ཇ་འཐུང་བར་ངས་རྒྱབ་སྐྱོར་བྱེད། ཇ་ཁང་ཡག་པོ་ཡོད་ན་སེམས་ཀྱི་འཕྲོ་འདུ་རང་དབང་ལ་ཡོང་། དེ་ཡོང་བས་དེབ་སོགས་བལྟས་ན་ཚིག་དོན་ལ་བློ་འཇུག་ཅིང་གོ་བ་འཇགས་སླའོ། །
ཁྲོམ་རའི་སྤུར་༼炒作༽ལུགས་ལྟར་བྱས་ན། ཇ་རྡོག་པོ་གཅིག་ལ་སྒོར་གྲངས་མེད་འཇལ་དགོས་པའི་དུས་ཚོད་མི་འཆར་བ་མིན་མོད། སྤྱིར་བཏང་ཇ་ཁང་དུ་ཆེད་སྤྱོད་དེམ་གང་ལ་སྒོར་སུམ་བརྒྱ་ལས་མི་འགོངས་པ། ཕོར་བ་གང་ལ་སྒོར་དྲུག་ཅུའི་གོང་ཞོལ་ཞིག་ཡིན་ན་ཧ་ལམ་འགྲིག་བསྡད་ཡོད་སྙམ།
སྨྲས་པ། གཅིག་ན་ཀ་ར་སིལ་ཏོག་གི་བྲོ་བ་མེད། །གཉིས་ན་ཆང་དཀར་ཆང་དམར་གྱི་བཟི་ཁ་མེད། །གསུམ་ན་ཕོ་བའི་ཞབས་ལ་འབབ་རྒྱུ་ཡང་མེད། །འོན་ཀྱང་སྒོར་མོ་སྤྲད་ནས་ད་དུང་འཐུང་འདོད། །ས་ཡི་ཕོར་བ་སྐྱ་བོ་དེ་ལ་གཉིད་མིན་སད་མིན་ཚོན་མདོག་ཅིག ། ནང་གི་གཤེར་ཁུ་ནག་པོ་དེ་རང་སོ་བར་བརྒྱུད་དུས་བདེ་ཚོར་ཞིག །ཆབ་བྱིས་ཡིན་ནམ་ཇ་བླ་དེ་ཡང་བཀྲུས་ཤིང་སྦངས་ན་ལོངས་སྤྱོད་ཅིག ། འདི་ལྟར་འཐུང་ན་གཞན་ལུགས་ཡིན་མོད་ལ་རྒྱ་ཆུང་ངུ་འཛིན་ཚོད་མེད། །

ངའི་གམ་ལ་ཐོག་ཅིག་བརྒྱབ་བྱུང་། ཡིད་འགྱུར་ལྷུག་རྩོམ།

འབྲོག་པའི་དབྱར་སར་སླེབས་ན། སྐབས་རེར་གནམ་ས་གཉིས་ཁ་འཕྲོད་གྲབས་དང་ཤར་ནུབ་ཀུན་ཐོད་ཐུག་སྙམ་བྱེད་ཅིང་། ལན་རེར་དེ་ཀུན་སྤྲུལ་པ་བཤིག་པ་བཞིན་མི་སྣང་སྟེ་རྩྭ་ཐང་ཆེན་པོ་དག་མུ་མཐའ་མེད་པར་ཤར་ཡོང་།
མཉམ་བཞག་ན། རང་ཁྱིམ་ཚུན་ཆད་མིག་གིས་ཟིན་དཀའ་བའི་ཐག་རིང་ཞིག་ན་ཡོད་དུས་མང་། དེའུ་འབུར་རེའི་ཕག་ཏུ་སྡེ་ཚོ་སྐར་མ་བཞིན་བཀྲམ་ཡོད་ངེས་ལ། མདའ་རྒྱང་གང་གིས་རི་ངོས་ཡར་ཕྱིན་ན་གནམ་ལ་ལག་སྙོབ་བྱེད་ཐུབ་པ་ལྟ་བུའི་ཕོ་ཚོད་སྟེར་བར་བྱེད།
ཆར་པ། འབྲུག་སྒྲ། གློག་དམར། འདི་ཡོད་ཚད་ལ་སྔོན་དཔག་ཙམ་ཡང་བྱེད་ལོང་མེད་ཨང་།
སྨུག་པ་རིམ་པ་རིམ་པས་ཚུར་ལུད་དེ་ཁྱིམ་མཚེས་གཡས་གཡོན་ཡང་མི་རྙེད་པར་བྱེད། རེ་ཞིག་ཙམ་དུ་བརྡ་བཏང་བ་བཞིན་རི་སྐེད་སྒང་ཟུར་གང་ཞིག་བསྡུས་ཏེ་བུད་འགྲོ།
ཉི་མ་ཤར་སྒང་སྒང་དུ་ཐོག་གཞོབ་དྲི་ཐུལ་ལེ་བ་འཕེན་ཞིང་། ན་ཁུད་ཡར་མར་དུ་བ་སྔོ་བྲེང་བྲེང་འགྲོ་བར་ཕྱིན་ཚེ་ཐོག་བརྒྱབ་ཤུལ་ཡིན་ཞེས་ས་གཤགས་པའི་རི་མོ་ལྟ་བུ་སྟོན་རྒྱུ་གདའ།
གནམ་དགྲ་སྟེ་ཐོག་གིས་བསད་པ་ཡིན་ཞེས་ཁྱིམ་དང་ཐག་མི་རིང་བའི་སར་སེམས་ཅན་གཡག་ལུག་སོགས་ཀྱི་རོ་མང་པོ་ཁྱི་ལྡོམ་དང་བྱ་རྒོད་ཀྱིས་གཟན་དུ་ཟ་བ་ཡོད།
སྨུག་པ་ཡར་ཡར་འགྲོ་བའི་ཚེ་རི་བོ་མར་མར་ལུག་བྱུང་བ་ལྟ་བུ་དང་། ཇི་སྲིད་བར་སྣང་ལ་སྤྲིན་བཞུར་བ་དེ་སྲིད་ས་ལ་གྲིབ་གཟུགས་སྣ་ཚོགས་པ་འགྲོ་རྒྱུ་ཡོད་ཅིང་། ལུང་པ་སྒང་གཤོང་ཀུན་ངང་ཙམ་གསལ་ངང་ཙམ་རིབ་པ་སྟེ་གཏམ་གྱིས་བརྡར་མི་བཏུབ་པ་ཞིག་གོ། །
སྔར་ལོ་ཙཱ་པ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་མཛེས་ལྗོངས་དེ་འདྲ་འདི་ནའང་ཡོད་འདུག རི་རྩེ་གཅིག་ནས་རི་རྩེ་གཞན་བར་ན་བུན་ཡུག་གཅིག་གིས་སྦྲེལ་ཏེ་ཡོད་པ་སོགས་སྐྱེ་བོ་རྣམས་ཆེད་གཉེར་བལྟར་འགྲོ་དགོས་པ་དེ་འདྲ་ཅི་བས་མང་།
སྲོད་ཁ་མང་ཆེར་བར་སྣང་ཡོངས་རྫོགས་མུན་པས་བསྒྲིབས་ཏེ་ཤར་ཁུལ་ནས་བྱང་མཐའ་དང་། ཕྱོགས་མཚམས་སོགས་སུ་གློག་འོད་སྨྲེང་འཆོར་བ་རེ་དངོས་སུ་དཀར་ཚུབ་ཚུབ་བྱེད་ཅིང་། འབྲུག་སྐད་ཕྲ་ཤད་ལེ་བ་དག་ཐག་ཉེ་ནས་ཐག་རིང་དུའམ་རྒྱང་མ་ནས་ཉེ་གམ་དུ་ཡོང་སྟེ་དགའ་སྐྱོའི་སློང་རྐྱེན་དུ་འགྱུར་བར་བྱེད།
ཐེངས་ཤིག་ང་དང་རྫི་བོ་འགའ་རི་ངོས་སུ་སྡོད་སྐབས་གློ་བུར་དུ་ནམ་མཁའ་མུན་པས་བསྒྲིབས་བྱུང་། ངང་ཚུལ་དེ་ཏག་ཏག་ས་རུབ་པ་དང་འདྲ། ངས་སྤྲིན་དེ་ཚོ་གང་ནས་བྱུང་བ་དང་ཇི་ལྟར་འདྲེས་པ་སོགས་ཡེ་མ་ཤེས།
ལོ་ངོ་བདུན་བརྒྱད་རིང་ཕ་ཡུལ་དང་གྱེས་པའི་བདག་གི་མགོ་ཐོག་ལ་ཡང་བསྐྱར་གནམ་གྱི་ཆུ་ཐོར་བྱུང་། ཨ་ཨ། འདི་ཙམ་འཁྱགས་པ་ལ།
ཆུ་འདིས་བདག་གི་ལུས་སྟེང་ནས་མཁར་གྲོང་ཁྲུས་རྫིང་དག་ཏུ་བཀྲུ་མ་ཐུབ་པའམ་ཁྲུས་རྫིང་དེ་དག་ལས་བྱུང་བའི་འབག་བཙོག་གཞན་མང་པོ་ཞིག་ཤིན་ཏུ་གཙང་མར་བཤལ་སོང་བ་འདྲ།
ཆུ་འདིས་ངའི་རྒྱབ་གོས་བརྟོལ་བ་མ་ཟད་ཤ་ཡང་བརྟོལ་བྱུང་བ་འདྲ། ཡང་ན་བརྟོལ་བྱུང་བ་དང་འདྲ་བར་སྣང་བ་ཙམ། འདི་ཚོད་དུ། ངས་རྟ་མགྲིན་དུག་དབྱུང་དྲན་བྱུང་། རྣམ་འཇོམས་བྱབས་ཁྲུས་དྲན་བྱུང་།
བག་ཙམ་ནས་ཆར་བའི་འབབ་ཤུགས་ཇེ་དྲག་གྱུར་ཏེ་དངངས་དགོས་པའི་ཚོད་དུ་ཐོན། འོན་ཏེ། ཁོ་ཚོས་མི་ཅི་སྙམ་པས་ངས་ཀྱང་བསྲན་བཙུགས་ནས་བསྡད།
བསྟུད་མར་འབྲུག་གྲགས་བྱུང་། གློག་འཁྱུགས་བྱུང་། ཐོག་བརྒྱབ་བྱུང། གནམ་ས་གཉིས་ཁ་འཕྲོད་རྒྱུ་ཡིན་པ་འདྲ། གནམ་ས་གཉིས་ཏན་ཏན་ཁ་འཕྲོད་རྒྱུ་ཡིན་པ་འདྲ།
དགོང་མོ་ཞིག་ལ་ཡུལ་མི་ཚོ་དང་ལྷན་དུ་ཇ་བཏུང་སྟེ་ཁ་བརྡ་གློད། ཁོ་ཚོས་ལོ་རེར་ཐོག་གིས་བསད་པའི་མི་དང་ཕྱུགས་ཟོག་གི་ཁ་གྲངས་གླེང་། རི་བོ་རེར་སེམས་ཅན་ཆེ་གེ་མོའི་མིང་གིས་འབོད་ཅིང་དེ་དག་འབའ་ཞིག་གཉན་ཚུལ་དང་བཙན་ཚུལ་བཤད།
ཁོ་ཚོས་ཟེར་བ་དེ་དག་ལན་རེར་རླུང་ཞིག་ཡིན་ཅིང་ཡང་ལན་རེར་མེ་ཞིག་རེད། མཚམས་རེར་ཡ་གིའི་ལུང་པ་དེ་ཡིན་ཅིང་སྐབས་རེར་གམ་གྱི་ལབ་ཙེ་དེ་ཡིན་འདུག
ཐབ་མེ་ལམ་ལམ་འབར་བའི་ངོགས་ནས་ཁོ་ཚོས་ག་ལེར་གོ་འདོན་བྱེད་མགོ་བརྩམས། སྐྱབས་འགྲོ། དམིགས་བརྩེ་མ། མདོ། སྒྲོལ་མ། གདུགས་དཀར་སོགས་རིམ་པས་བཏོན་བྱུང་།
ངང་ཙམ་ནས། གནས་དེ་དང་ཐག་མི་རིང་ས་ཞིག་ནས་སྤྱང་ཁུའམ་ཅི་ཞིག་དྲག་ཏུ་བརྒྱལ་བྱུང་། སྦྲའི་ཧྲག་བར་ནས་རླུང་ལྡང་བ་ནི་སྐད་དང་ལྡན་པ་ཞིག་རེད། ང་རང་འདང་རྒྱག་གིས་ཡར་ལངས་ཏེ་སྒོའི་ཕྱིར་སོང་བ་ཡིན།
ངས་མུན་པའི་ཟབ་ཚད་ནས་ཕར་བལྟས་པས་རི་བོ་དག་དཀྱིལ་ཀྲུང་གིས་བསྡད་ཡོད་པ་མཐོང་། ཞིབ་ཏུ་བལྟས་པས་ས་ཚོད་རེ་ན་མེ་སྔོན་པོ་ལང་ལོང་དུ་འབར། ཁྱི་སྐད་ནུབ་རླུང་དང་བསྡོངས་ཏེ་རི་སྐེད་བར་རྒྱུ་ཞིང་ཡོད་དོ། །
ཏག་ཏག་མའི་སྐབས་འདིར། སྲེ་མོང་དང་ཨ་བྲ་ཡོངས་རྫོགས་ཉག་ག་རེ་ན་མེད་ཅེས་སུས་ཀྱང་བརྗོད་ཐབས་བྲལ། ནོར་གྱིས་སྐྱུག་ལྡད་བྱེད་པ་ཡང་ཇི་ལྟར་ཡིན་ནམ། ངའི་རྒྱབ་ཀྱི་སྦྲའི་ཕུ་ཆོན་སྟེང་ལ་བྱའམ་ཅི་ཞིག་འཁོར་ཞིང་ཡོད་དམ།
འདི་ནས་ཡུན་རིང་བསྡད་ཚེ་ངས་ཀྱང་བསང་ཕུད་དེ་ཕྱག་འཚལ་སྲིད་དམ། འདི་ནས་ཡུན་རིང་བསྡད་ཚེ་ངས་ཀྱང་ཁོ་ཚོ་བཞིན་དམིགས་བརྩེ་མ་དབྱངས་སུ་གྱེར་སྲིད་དམ།
ལྟོས་དང་། གནམ་གྱི་ཕྱེད་ཁེབས་པའི་གློག་འོད་ཅིག་མཚོ་མགོ་ནས་མཚོ་རྔའི་བར་འཁྱུགས་བྱུང་།

ཉོན། ཁྱི་སྐད་དེ་ག་ནས་བྱུང་། (འདི་ནི་ལྷུག་རྩོམ་གྱི་འབྲི་ཐབས་འགའ་བསྲེས་ཏེ་བྲིས་པ་ཡིན་པས་སྙན་ངག་གི་དབང་དུ་བྱས་ན“རབ་སྤེལ་གྱི་རྒྱན་ལྟ་བུ”ཞིག་ཡིན་ལས་ཆེ།)

དེ་ཉིན། ང་དང་གྲོགས་པོ་འགའ་རྒྱ་སྲང་ཡོད་སྐབས། གློ་བུར་གར་འོངས་མ་འཚལ་བའི་ཁྱི་སྐད་ཅིག་ཐོས་བྱུང་། བལྟས་པས་རྒྱབ་མདུན་གཡས་གཡོན་གང་དུའང་ཁྱིའི་གྲིབ་མ་ཙམ་ཡང་མི་འདུག་སྟེ། མི་རིང་བའི་སར། རྩལ་ལྭ་གྱོན་པའི་རྒྱ་མི་གཞོན་སྐྱེས་རེ་ཟུང་ངེད་ཅག་མཉམ་དུ་གོམ་པ་རྒྱག་གིན་གདའ།
རེ་ཞིག་ཙམ་ནས་ཡང་བསྐྱར་གཟུགས་མེད་པའི་ཁྱི་སྐད་དེ་བསྟུད་མར་ཐོན། འོན་ཏེ་ཅི་ལྟར་བསམས་ནའང་རྒྱུ་མཚན་ཡང་དག་ཅིག་རྙེད་མ་སོང་།
བོངས་ཆུང་བ་ཁུ་ཚུར་ཙམ་གྱི་ཁྱིའམ་ཅི་ཞིག་ངེད་ཅག་ཁྲོད་ཀྱི་སུའི་ཨམ་ཕྲག་ཏུ་བླུགས་ཡོད་པ་ཨེ་ཡིན་ནམ། ལམ་སེང་ཕན་ཚུན་བསྔོགས་རེས་བྱས་ཀྱང་ཁྱི་རང་ལྟ་ཞོག་ཁྱི་སྤུ་ཙམ་ཡང་ལོན་རྒྱུ་མ་བྱུང་།
ངག་རྒྱུན་དུ་རྡོ་དཀར་རམ་རྡོ་ཀ་མ་རུ་ལྟོར་ཟ་བའི་བྱ་གོ་བོ་ཞེས་པར་གོའི་ཁྱིག་ཅེས་པ་ཡོད་ཅིང་། དེ་ནི་གཟུགས་དམའ་བ་ལྷམ་མགོ་ཙམ་ལ་རྩིག་པའི་ཕན་གྱི་དུག་སོགས་སྔོན་ཤེས་ཐུབ་མཁན་ཞིག་ཡོད་ཟེར།
ལྕང་སྐྱ་པའི་སྐུ་ཕྲེང་ཞིག་རྒྱ་ནག་གོང་མའི་ཕོ་བྲང་དུ་དབུ་བླར་བྱོན་སྐབས་ནི་རྟག་པར་གོའི་ཁྱིག་དཔེ་མེད་ཅིག་ཕོར་བའི་ནང་བླུགས་ཡོད་ཅེས་གྲགས།
ཡིན་ནའང་། སྲང་ལམ་འདི་ནི་གོའི་ཁྱིག་ཁུར་དེ་ཉེན་ཟོན་བྱ་དགོས་པའི་གོང་མའི་ཕོ་བྲང་ནི་ཡིན་མི་སྲིད་དེ། ཡང་གཅིག་བཤད་ན་གོའི་ཁྱིག་ཅེས་པས་རང་ག་བའི་ཁྱི་ལྟར་འབ་སྐད་རྒྱག་མིན་ཡང་སུས་ཤེས། ང་ཚོས་མི་དྲན་དགུ་དྲན་གྱིས་ཁྱི་སྐད་དེའི་ཡོང་ཁུངས་ལ་བསམ་བློ་གཏོང་སྒང་།
རྩལ་ལྭ་གྱོན་པ་དེ་དག་ཕན་ཚུན་གྲུ་སུག་རྒྱག་བཞིན་སིག་སིག་ཏུ་དགད་བྱུང་། ཡང་བསྐྱར་ཁྱི་སྐད་སྙིང་ནང་ཟུག་པ་ཞིག་བཏང་མཐར་ཧ་ཧ་ཞེས་དགད་བྱུང་། ཨ། སྡུག་ཤི་རྒྱག་རྒྱུའི་ཁྱི། ཨོ་མ་རེད་མྱི། གང་ལྟར་ང་ཚོ་ཧང་སང་སོང་།
རྗེས་སུ་ཁོ་ཚོ་རེ་རེས་སྦོམ་ཕྲ་མི་གཅིག་ལ་འདེགས་འཇོག་མི་འདྲ་བའི་སྒོ་ནས་འབ་སྐད་སྣ་ཚོགས་བཏང་ཁར། རྔ་མ་གྱེན་ལ་བསླངས་པ་དང་ལྕེ་ཐུར་དུ་བསྣར་པ་སོགས་ཀྱི་བཟོ་ལྟ་འདྲ་མིན་བསྟན་བྱུང་བས་ངེད་ཚོ་རང་རང་སར་ཁྲོང་ངེར་བསྡད།
ཁོ་བོ་དེ་ནས་བཟུང་དགོང་མོ་ཉལ་སའི་ནང་དུའང་ཚོད་ཚོད་དུ་ཁེར་དགོད་ཤོར་རྐྱང་ལས་དྲན་རྒྱུ་གཞན་མི་འདུག གང་ལ་དང་ཅི་ལྟར་དང་ཅིའི་ཕྱིར་སོགས་མ་འདྲི་རོགས།
གཞོན་སྐྱེས་དེ་ཚོས་ནམ་ཞིག་སོ་སོའི་གཟུགས་པོའི་སྒང་ལ་ཁྱི་ལྤགས་དང་སྡེར་མོ་རེ་སྤོ་འཛུགས་བྱེད་ཐུབ་ཡིན་ན་ཏག་ཏག་ཅིག་ཡོང་ཡས་རེད་ཨང་། འདི་ནི་ཆེད་མངགས་ཁ་མཚར་རྒྱག་འདོད་ཀྱང་མིན།
ཁ་ལག་གཏོང་བ་སོགས་ལ་འགྱུར་བ་ཏོག་ཙམ་བྱེད་པའམ་མི་ཁྱི་གཉིས་ཀྱི་སྡོད་ཁང་སོགས་སྐབས་ཤིག་རིང་བརྗེ་བོ་བརྒྱབ་པ་ཡིན་ན་ནི། ལྟད་མོ་ག་ཚད་འབྱུང་མིན་ལབ་ཁག་པོ་རེད།
གལ་ཏེ་འདི་ནི་མི་ཡིས་ཁྱི་སོགས་སེམས་ཅན་གཞན་ལ་ལད་མོ་བྱས་པའི་དཔེ་གཞི་ཡིན་ན། ནམ་མཁའི་ནོར་བུའི་བྱང་འབྲོག་ལམ་ཡིག་ཏུ། ཨ་ཏ་ག་ཡུ་ཞེས་པའི་བྱེའུ་ཁ་དོག་སྐྱ་བོ་མཆུ་ཏོ་ནག་པོ་རྐང་ལག་སྐྱ་ནག་ཅན་ཞིག་གིས་ཁུང་བུར་གནས་འཆའ་བ་དང་། ཕྱི་ལོགས་སུ་ཐོན་ཚེ་ཨ་བྲ་དག་གི་རྒྱབ་ཏུ་ཞོན་ཏེ་འགྲོ་བ་དང་། ཨ་བྲ་དག་གནས་གཞན་དུ་འཕོ་བའི་ཚེ། དེ་དག་གི་གཟུགས་བོངས་དང་ནུས་རྩལ་གྱིས་བརྒལ་བར་མི་ནུས་པའི་རི་ཆུ་མང་པོར་ཨ་ཏ་ག་ཡུས་ཁྱེར་ཏེ་འགྲོ་བ་འབྲོག་མི་འགའ་རེས་དངོས་སུ་མཐོང་ཞེས་བྲིས་འདུག་པ་ནི། ཁྱི་སོགས་སེམས་ཅན་གཞན་གྱིས་འགྲོ་བ་མི་ལ་ལད་མོ་བྱེད་བཞིན་པའི་དཔེ་གཞི་མ་ཡིན་གྲང་།
དེ་ལྟ་ན། སྔོན་ཆད་བྱ་རྣམས་ཀྱིས་མི་སྐད་སྨྲས་ཞེས་པ་དེ་ཧམ་པ་ཤོད་ཡག་མིན་ཚོད་ལ། འབྱུང་འགྱུར་ཞིག་མི་རྣམས་ཀྱིས་ཁྱི་སྐད་བརྒྱག་པའི་དུས་ཀྱང་ཡོད་པ་རེད་ཅེས་སྨྲ་རིན་ཆོག་པ་ཨེ་འདུག་སོམས།
༢༠༡༡ ༠༧ ༠༧

ལྷ་དང་རང་དབང་ལྷ་མོ། མཚན་ཉིད་ལྷུག་རྩོམ་མམ་དཔྱད་གླེང་ལྷུག་རྩོམ།

གནའ་བོའི་དུས་སུ། “ལྷ་”ཞེས་པ་ནི་དགེ་བ་དང་བཀྲ་ཤིས་པ་དང། བྱམས་པ་དང་ཞི་བ་སོགས་ཀྱི་མཚོན་དོན་ཡིན་པ་རེད། ཆོས་ལུགས་སྣ་ཚོགས་ཀྱི་གསུང་རབ་ཁྲོད་དུ། “ལྷ” ཞེས་པའི་ཡིག་འབྲུ་སྤྱད་ནས་མིའི་ནང་སེམས་ཀྱི་དགའ་བའི་མཛེས་པ་དང་བརྩེ་བའི་སྡུག་པ་ལ་སོགས་བསྟན་ཡོད།
གནའ་མི་ཕལ་མོ་ཆེས། སྐྱེ་བོ་རེ་རེའི་སེམས་ཁོང་ན་“ལྷ་”ཞེས་པའི་ལས་སྐལ་གྱི་མཆོད་མེ་མཚན་ཐུབ་ཅིག་གསལ་འོད་ལེར་བསྒྲོན་ཡོད་པའམ། ཆེས་དྭངས་གསལ་འོད་གསལ་གྱི་“ལྷ”འམ་“ལྷ་མོ་”རེ་རྣམ་ཤེས་ཀུན་གྱི་ནང་ལོགས་ན་པདྨ་ཟླ་བའི་གདན་དང་བཅས་སུ་བཞུགས་ཡོད་པར་སྙམ།
ཡང་ན་མིའི་རང་གཤིས་ཀྱི་ཕྱེད་པ་ནི་“ལྷ་”ཡིན་པར་འདོད།
མིའི་རིགས་ཀྱི་མེས་པོ་དག་གིས་རང་ཉིད་ནི་“ལྷ་”ཡི་བུ་དང་བུ་མོ་ཡིན་ཞེས་ང་རྒྱལ་བྱེད་ཅིང་། “ལྷ་”ནི་མི་དང་ལོགས་སུ་དགར་དུ་མེད་པར་སྙམ་མོ། ། ཁོ་པ་ཚོས། སྐྱེས་བུ་སྒེར་རེ་རེའི་ནང་ལོགས་སུ་དག་པ་“ལྷ་”ཡིས་འདུ་བྱེད་རྩོམ་གྱིན་ཡོད་པས་དམུ་རྒོད་དང་དྲག་རྩུབ་ཀྱི་ཐལ་མཐའ་ལ་ལྟུང་བར་མི་འགྱུར་ཞེས་སུ་སྨྲ།
“ལྷ་”ནི་བཤིག་མི་རུང་བའི་རྡོ་རྗེའི་མདུད་པ་ཡིན་ཀྱང་ཟེར་སྐད།
“ལྷ་”ནི་ཀུན་སྙོམས་རིས་མེད་ཅིག་ཡིན་ཞེས་རྟག་པར་སྨྲའོ། །
གནའ་བོའི་“ལྷ་”ལ་ཞལ་སྟོང་ཕྱག་སྟོང་གི་རྣམ་པ་འབྲི་སྲོལ་ཆེར་མི་དར་ཞིང་། “ལྷ་”ནི་རླུང་སོགས་འབྱུང་བ་གང་རུང་ཞིག་ཡིན་པར་ཁ་ཚོན་བཅད་དེའང་སྨྲས་མེད། འོན་ཀྱང་ཁོ་པ་ཚོས་རང་གི་བྱང་ཁོག་སྟོད་ལ་“ལྷ་ཁང་”དང་དོན་སྙིང་གཞན་དག་ལ་“ལྷ་ཕྲུག་”སོགས་ཀྱི་མིང་འབོད་བྱེད་དོ། །
དེ་ལྟ་དེ་ལྟར། མིའི་རིགས་ཀྱི་མེས་པོ་དག་གིས་ཕྱི་རབས་པར་“ལྷ་”ཞེས་པ་ཅི་ཡིན་པའི་ཐད་ལན་གསལ་པོ་བཞག་ཐུབ་མེད་ནའང་། ཁོ་པ་ཚོས་སྔར་བཞིན་“ལྷ་”ཡི་སྲུང་བ་དང་མི་ལྡན་པའི་འཇིག་རྟེན་ནི་དམྱལ་བ་ཡིན་ནོ་ཞེས་སུ་སྨྲའོ། །
གནའ་བོའི་ལྷ་སྒྲུང་དག་ལས་ལྷའི་རང་བཞིན་བྲིས་པ་ཧ་ཅང་སྟབས་བདེ་ཡིན། ཁོང་ཚོས་རྟག་ཏུ་“ལྷ་”ནི་འཛུམ་བག་དང་ལྡན་ཞིང་། མི་རྣམས་ལ་བྱམས་ཤིང་བརྩེ་བ་དང་། ཚེ་སྲོག་ཐམས་ཅད་ལ་ཆ་སྙོམས་ཀྱིས་གཅེས་པར་བྱེད་པ་ཞིག་ཡིན་ཞེས་བཤད་དོ། །
དེས་ན་“ལྷ་”ཞེས་པ་དེ་མིའི་རིགས་གདོད་མའི་དུས་ཀྱི་ནང་སེམས་ཀྱི་བསྡུས་གཟུགས་ཤིག་ལས་མ་འདས་ཨང་།
མི་ཅི་ལྟར་འཚོ་དགོས་པ་དང་གང་ལྟར་གནས་འོས་པ་ནི་ལྷའི་རང་བཞིན་དང་ཁྱད་ཆོས་སོགས་ལ་དཔག་ན་ཤེས་ཐུབ་ཅིང་། “ལྷ་”ཡིས་གཞན་ལ་མི་འཚེ་བ་དང་མི་གནོད་པ་སོགས་ཀྱི་ཆ་ནས་ཀུན་སྤྱོད་རིགས་ཤིག་མཚོན་ཞིང་། “ལྷ་”ཡིས་གཞན་ལ་དགེ་བ་དང་ཕན་པ་སོགས་བསྒྲུབ་པའི་ཆ་ནས་ཁག་ཐེག་རིགས་ཤིག་སྟོན་པ་རེད།
དེས་ན་ལྷ་ཡི་བཏགས་དོན་ལྡན་པའི་ཀུན་སྤྱོད་དམ་ཀུན་སྤྱོད་ཀྱི་རང་ཆོས་ལྡན་པའི་“ལྷ་”དེ་ནི་འགྲོ་བ་མིའི་མ་བགྲོས་ངང་གིས་མཐུན་པའི་དང་པོའི་སེམས་བྱུང་རིགས་ཤིག་སྟེ། ད་ལྟ་བའི་ང་ཚོའི་སྐད་ལྟར་བཤད་ན་འཇིག་རྟེན་ཀུན་ཁྱབ་ཀྱི་ལྟ་བ་སྟེ། འདྲ་མཉམ་དང་དམངས་གཙོ། རང་དབང་སོགས་དང་ཚོན་འགྲོས་མཉམ་སྟེ་ཡོད་པ་ཞིག་ཡིན་ཨང་།
མི་ཡུལ་འདིར་“ལྷ་”ཞེས་པ་གོ་མ་མྱོང་བའི་སེམས་ཅན་གཅིག་ཀྱང་མེད་ལ་“ལྷ” ཞེས་པ་རིག་མྱོང་བའི་འགྲོ་བ་ཁེ་རུ་མ་ཞིག་ཀྱང་མེད། དེའང་ལོས་ཡིན་ཏེ། གང་དེའི་རྩ་བའི་གོ་དོན་ནི་གཟུགས་ཅན་གྱི་བེམ་པོ་ཙམ་ལ་མ་ཡིན་པར། བརྩེ་བ་ཚད་མེད་དང་དགའ་བ་ཚད་མེད་ཀྱི་བསམ་བློའི་རྫོགས་ལྡན་ཆེན་པོ་ཞིག་ཡིན་དགོས་པའི་ཕྱིར་རོ། །
མིའི་རིགས་ཀྱི་ཡི་གེ་དང་རི་མོའི་བརྩམས་ཆོས་ཀྱི་བརྒྱ་ཆའི་མང་ཆེར་ཞིག་“ལྷ་”ལས་ཀྱང་“ལྷ་མོའི་”སྐོར་ཡིན་པ་རེད། “ལྷ་མོ་ཝེ་ནཱ་སི།” “ལྷ་མོ་མོན་ནཱ་ལི་ཧྲ།” “ལྷ་མོ་དབྱངས་ཅན་མ་”སོགས་ཏེ། ཡི་གེ་དང་རི་མོའི་བརྡ་བྱེད་ཀྱི་“ལྷ་མོ་”དེ་ཐམས་ཅད་ནི་སྣང་སེམས་དབང་དུ་བྱེད་པའི་“ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་”འབའ་ཞིག་རེད།
དར་ཟབ་ཀྱི་ཁུད་ན་བྱམས་གདུང་གིས་དགོད་པའི་“ལྷ་མོ་”དེ་དག ཐང་སྔོན་གྱི་པང་པར་ཤ་འཇམ་གྱིས་འཕག་པའི་“ལྷ་མོ་”དེ་དག ཟླ་འོད་དང་སྐར་འོད་གསེང་ན་དཀར་བོང་བོང་གིས་གཉིད་པའི་“ལྷ་མོ་”དེ་དག་སྟེ། ཁོང་ཚོའི་ལྷོད་ལྷོད་འཛུམ་ཆུང་གཅིག་ཙམ་གྱིས་འགྲོ་བ་སེམས་ཅན་ཡོངས་ཀྱི་སྨྲ་བསམ་བརྗོད་དུ་མེད་པའི་ནང་གི་རྒྱལ་ཁམས་རིང་མོ་སྟོན་གྱིན་ཡོད་ཅིང་། ཁོང་ཚོའི་ཆུང་ཆུང་རྣམ་འགྱུར་གཅིག་ཙམ་གྱིས་གང་ཟག་སོ་སྐྱེས་འབུམ་གྱི་མཚོན་མེད་སྟོན་དུ་བྲལ་བའི་བསམ་བློའི་འཇིག་རྟེན་ཆེན་པོ་འབྲི་བཞིན་ཡོད་པ་རེད།
འོ་ན་མཛེས་སྡུག་གི་“ལྷ་མོ་”ཞེས་པས་མི་ཡུལ་སྐྱེ་བོ་ཁྲི་ཁྲི་འབུམ་འབུམ་གྱི་དྲིན་ཆེན་མ་ཡུམ་དག་ལས་གཞན་ཞིག་མི་སྟོན་པ་ཡིན་ནམ། ཡང་ན་སྲིད་པ་འདིའི་མ་ཡུམ་ཁྲི་ཁྲི་འབུམ་འབུམ་གྱི་བརྩེ་བའི་འོད་གོང་ཆེན་པོ་དེ་ཕར་“ལྷ་མོ་”སོགས་ཀྱི་གཟུགས་སུ་འཕོས་པ་ཡིན་ནམ།
གང་ལྟར་འཁོར་བའི་སྙིང་སྡུག་ཨ་མ་དག་གི་འདུན་སར་སོ་སོའི་བུ་ཕྲུག་ཉིད་ལ་སྐད་ཆ་དང་ལྟ་ཚུལ་འདོན་པའི་དབང་ཆ་ལྟོས་མེད་ཡོད་པ་ནང་བཞིན། གནའ་བོའི་མཛེས་སྡུག་གི་“ལྷ་མོ་”ཞེས་པའི་རྒྱབ་ལོགས་ནའང་རང་དབང་དང་འདྲ་མཉམ། དམངས་གཙོ་སོགས་ཀྱི་དཔྱིད་ཀྱི་མྱུ་གུ་ཕྲ་མོ་བསྐུངས་ཏེ་ཡོད་པ་མ་རེད་དམ།
དེ་མ་ཟད། འཛམ་གླིང་ནུབ་ཕྱོགས་སོགས་སུ་“རང་དབང་ལྷ་མོ་”ཞེས་པའི་མཚན་གཞིའི་བརྩམས་ཆོས་དངོས་སུ་བྱུང་ཞིང། མི་རྣམས་“ལྷ་མོ”འམ་མ་ཡུམ་ལ་དགའ་བའི་འདུན་པ་ནི་ཚད་མེད་ཀུན་ཁྱབ་ཅིག་ཡིན་པ་ནང་བཞིན། མི་རྣམས་རང་དབང་དང་འདྲ་མཉམ་དང་དམངས་གཙོ་སོགས་ལ་དགའ་བའི་རེ་བའང་ཚད་མེད་ཀུན་ཁྱབ་ཅིག་ཡིན་པ་རེད་དོ། །
                                                                                                                                   ༢༠༡༡ ༠༡ ༢༦

ལྷ་དང་མའེ་ཁོལ་ལྗག་སོན། མཚན་ཉིད་ལྷུག་རྩོམ་མམ་དཔྱད་གླེང་ལྷུག་རྩོམ།

འདི་ནི། འཛམ་གླིང་སྒང་གི་KTVགྲགས་ཆེན་ཞིག་སྟེ། མཚན་ཚོགས་ཀྱི་སྦུག་ཁང་འདི་འདྲར་གཏིང་ཞབས་ཡོད་མེད་སུས་ཤེས།
ལྟོས་དང་། འཕྲུལ་བྱའམ་“ལྷ་”ཡི་ཕོ་ཉ་ཞིག་གིས་གཤོག་པ་ལྷེབ་ཆེན་གཉིས་དལ་གྱིས་བརྐྱངས་ཏེ་འཕུར་བྱུང་། གློ་བུར་དུ། མའེ་ཁོལ་ལྗག་སོན་(Michael Jackson 1958.8.29 - 2009.6.25) ཞེས་པའི་“མི་འཆལ་པོ་”དེའང་མངོན་བྱུང་།
ལར་ཡིན་ན། ད་ནི་རོལ་དབྱངས་ཀྱི་གདངས་འགྲོས་དང་ལྷན་དུ་མི་རྣམས་“རིམ་པ་དགུ་རུ་གཡོ་”སྐབས་རེད་པས། “མི་འཆལ་པོ་”ཡིན་མིན་གཉི་གས་སྒུག་བཟོད་མ་ཐུབ་སྟེ། མགོ་བོ་ཤེད་ཀྱིས་སྤྲུགས་སོ། ། རྐང་པ་རྩལ་གྱིས་བརྡབས་སོ། །
ལྕེ་བརྡ་རྒྱག་མཁན་གྱི་ཕོ་གཞོན་མོ་གཞོན་ཁྲི་ཁྲི་འབུམ་འབུམ་རེད། ཁ་ཤུ་འདེབས་མཁན་གྱི་སྨན་ཤར་སྟག་ཤར་རྩི་རྩི་གྲངས་མེད་རེད།
དེར་ཡོད་ཚང་མའི་སེམས་སུ། དོ་ནུབ་ཀྱང་མི་ནག་གི་གསར་བུ་འདིས་མུན་པ་མཐའ་མེད་ཀྱི་བྲོ་ར་འུར་དུ་བསྒྲུབ་ཅིང་ངག་སྒྲ་ཁྲི་བསྡེབས་ཀྱི་ཚོམས་ཆེན་སྐྱིད་ལ་བསྐུར་བར་ཁོག་རྩིས་འདེད་བཞིན་ཡོད་ས་རེད།
འོན་ཀྱང་། མའེ་ཁོལ་ལགས་ཀྱིས་རང་གི་དཀར་ཞིང་ཕྲ་བའི་ལག་པ་གཉིས་ཡར་ནམ་མཁའ་ལ་བཏེགས་ཤིང་། དར་འོག་ཆུ་སྒྲ་ལྟ་བུའི་གསལ་ལ་མི་གོ་བའི་ཤབ་ཤུབ་ཅིག་གིས་གླུ་སྒོ་ཕྱེ་བ་ན། དེར་ཡོད་ཀུན་ལྡོག་སྟེ་ཧང་སང་བར་གྱུར།
མ་གཞི་ཁོང་གིས་མི་རྣམས་ཀྱིས་དག་པའི་དཀྱིལ་འཁོར་ལ་བཞུགས་ཡོད་ཟེར་བའི་ལྷ་དཀོན་མཆོག་ལ་མཆོད་གླུ་ཕུལ་སོང་བས་རེད།(ལྷའམ་དཀོན་མཆོག་ནི་“མི་འཆལ་པོ་”ལ་ཐུགས་མི་དགྱེས་པར་ཁོ་ཚོས་འདོད།)
དེ་ཙམ་ན། འཕྲུལ་བྱའམ་“ལྷ་”ཡི་ཕོ་ཉ་དེས་གཤོག་པ་ལྷེབ་ཆེན་གཉིས་མའེ་ཁོལ་ལགས་ཀྱི་ཕྱོགས་སུ་འོད་འཚུབ་འཚུབ་ཀྱིས་བསྲིངས་ཤིང་། སྐད་ཅིག་མ་དེར། ཁོང་གི་གླུ་སྐད་ནི་འཕར་མ་མེ་ཏོག་གི་ཚུལ་ལམ་བརྡལ་བ་ཆུ་བུར་གྱི་འགྲོས་སུ་ལམ་ལམ་སིལ་སིལ་དུ་བབས་བྱུང་།
མི་སེམས་དངངས་ཏེ་མིག་ཆུ་འཁྲིགས། ཚོགས་ར་སྨྲེང་སྟེ་ངུ་ཤུབ་བྱེད།
དེའང་རིག་བྱེད་གཏམ་རྒྱུད་དུ། “ལྷ་”ཡི་བུ་མོ་མཆོག་ཅིག་ཡུལ་ག་ཤེད་དུ་བག་གསར་ལ་ཆས་ཤིང་ཁོང་མོའི་ཕེབས་ལམ་དུ་སྐར་མ་དང་ཉི་ཐིག་གི་ཆར་བ་བབས་ཚུལ་ཤོད་རྒྱུ་ཡོད་པ་འདི་འདྲ་ཡིན་ནམ་ཅི།
དད་པ་དང་དད་པའི་སྐ་རགས་སྔོན་པོ་རླུང་བུའི་ནང་ལ་ཤད་ཤད་བསྐྱོད། ཚོར་བ་དང་ཚོར་བའི་རྒྱབ་དར་རིང་མོ་ཁུགས་འཁྱིལ་མ་ངེས་པའི་ངང་གིས་མེ་ཏོག་དང་བཟའ་ཤིང་གི་མགོ་བོར་ཐོགས་པ་འདི་འདྲ་ཨ་ལ་ལ། དཔེ་འཇོག་གིས་ནི་མཚོན་དུ་མེད་པས་བསྐྱུར་ཞོག
དེ་ཙམ་ན། མའེ་ཁོལ་ལགས་ཀྱིས་མིག་ཟུང་ཆུ་འོད་དང་བཅས་ཡར་ནམ་མཁའ་ལ་ལྟ་ཞིང་མར་ས་གཞི་ལ་ལྟའོ། །
གློ་བུར་དུ་ཁོའི་ཕྲག་པ་དང་དཔུང་པ་དང་སྒྱིད་པ་སོགས་དུས་གཅིག་ཏུ་ཐང་ལ་བཏུད་སོང་།
སྐབས་འདིར་ང་ཚོས་མ་མཐོང་བ་མ་གཏོགས། ཁོང་གི་བ་སྤུ་དང་ཕྲ་ཕུང་དང་རྣམ་ཤེས་ཐམས་ཅད་ཀྱང་ས་ལ་པུས་ཚུགས་སུ་བསྡད་ཡོད་ངེས་རེད།
ཁོང་གིས་རང་གི་སེམས་པ་གདན་དུ་བྱས་ཏེ་ལྷའམ་དཀོན་མཆོག་ལ་གསོལ་བ་དྲག་ཏུ་བཏབ་སོང་།
བསེར་བུའི་རྒྱུ་ཕྱོགས་དང་བསྟུན་ཏེ་སྐྱེ་དངོས་ཀུན་མགོ་བོ་ནང་དུ་དུད་པ་ཇི་བཞིན་“མི་འཆལ་པོ་”ཡིན་མིན་གཉི་གས་ཕྲག་པ་གློད་དེ་གུས་ཚུལ་བསྟན་སོང་།
གླུ་ངག་གི་བྱིན་རླབས་སམ་ལྷའམ་དཀོན་མཆོག་གི་བྱིན་རླབས་ཀྱི་དབང་གིས། མི་རྣམས་ཀྱི་ངག་ལ་དད་གདུང་གི་འདར་ཤ་དོད་སོང་། མི་རྣམས་ཀྱི་སེམས་ལའང་དད་གདུང་གི་འདར་ཤ་དོད་སོང་།
དར་ཅིག་རིང་ཚོགས་ར་ཧྲིལ་པོ་དེའི་དཀྱིལ་མཐའ་གང་དུའང་འཇིག་རྟེན་སྦྱར་བྱུང་གི་སྒྲ་དང་རོལ་མོའི་མིང་ཙམ་ལྷག་མ་སོང་ལ། གང་མཆིས་པ་ནི་མའེ་ཁོལ་ལགས་ཀྱི་སྙིང་ཁྲག་གིས་སྦངས་པའི་སྒྱུ་རྩལ་གྱི་གསོལ་འདེབས་དང་དད་གདུང་གི་སྨོན་ཚིག་འབའ་ཞིག་རེད།
གནས་ག་ལ་བ་དེའི་ནམ་མཁའ་དང་ས་གཞི་ཧྲིལ་པོའང་མའེ་ཁོལ་ལགས་ཀྱི་གླུ་ངག་གི་བྱིན་རླབས་དང་དབྱེར་མེད་རོ་གཅིག་ཏུ་བསྡོངས་ཏེ་ཡོད་དོ། །
འབྲེལ་ཡོད་ཡི་གེ་ལྟར་ན། མའེ་ཁོལ་ལྗག་སོན་ཁོང་ནི་“བཀའ་ཁྲིམས་”ཚུལ་བཞིན་འཛིན་པའི་ཆོས་པ་ཞིག་ཡིན་པ་ལྟ་ཞོག སྟོན་པ་སོ་སོའི་ལུགས་ཀྱི་རྣམ་གཞག་རྩིས་མེད་དུ་གཏོང་བར་དགའ་ཞིང་། ལྷའམ་དཀོན་མཆོག་གིས་བྱིན་པའི་རང་གི་ངོ་པགས་ལའང་བསྐྱར་བཟོ་བྱེད་ཕོད་པ་དེས། མཐའ་གཅིག་ཏུ་འཇིག་རྟེན་བྱེད་པོ་དང་ལྡོག་ཟླར་ལངས་པ་མཚོན་ཡོད་ཅེས་བྲིས་འདུག་གོ། །
བྱས་ཙང་། ང་ཚོས་མའེ་ཁོལ་ལགས་ཀྱི་སྒྱུ་རྩལ་གྱི་དབྱིངས་ལ་བཀལ་པའི་དད་པ་དེ་ཡོད་པའི་ངེས་པའི་ཁ་ཚོན་གཅོད་ཐབས་མེད་ལ། མེད་སེམས་ཐག་གི་སྡོམ་ཚིག་ཀྱང་འཇོག་ཏུ་མ་ཡོད་སྙམ།
ཡིན་ནའང་ཁོང་གི་གླུ་གཞས་དང་གསུང་ཚིག་དམིགས་བསལ་ཅན་རེ་གཉིས་ཀྱི་ཐོག་འདང་བརྒྱབ་ན། སྒྱུ་རྩལ་དང་དད་པ་གཉིས་པོ་འདི་ས་མཚམས་ཤིག་ཏུ་འདྲེས་ཏེ་ཡོད་པའམ་གྲུ་ལོགས་ཤིག་ཏུ་གཤིབ་སྟེ་ཨེ་ཡོད་ཀྱི་དོགས་པ་སྐྱེས་སོ། །
དེ་ལྟར་ཡིན་ཚེ། མའེ་ཁོལ་ལགས་ཀྱིས་གོང་གི་གླུ་གཞས་དེ་རུ་ཆུ་ཚོད་སྐར་མ་འགའི་ཡུན་དུ་སྒྱུ་རྩལ་ལ་བརྟེན་ཏེ་ལྷའམ་དཀོན་མཆོག་ཞེས་པ་དེ་མངོན་དུ་བྱས་པའམ། སྒྱུ་རྩལ་གྱི་ལྷའམ་དཀོན་མཆོག་ཞེས་པ་ཞིག་མངོན་དུ་བྱས་སོང་བ་མིན་ནམ་སྙམ་གྱི་འདུག
ཁོ་པས་ཆུ་ཚོད་སྐར་མ་འགའི་ཡུན་དུ་རྙེད་པའི་ལྷའམ་དཀོན་མཆོག་དེ་ཚོགས་ར་ཧྲིལ་པོས་ཀྱང་དྲན་ཞིང་མྱོང་ཐུབ་པ་དེས། རང་ཉིད་ནི་རང་ཉིད་ཀྱི་ལྷའམ་དཀོན་མཆོག་ཡིན་ཞེས་པའི་བཤད་སྲོལ་རྙིང་བ་འགྲིག་ཙམ་ཡོད་པའི་རྟགས་ཡིན་ལ། སོ་སྐྱེས་དང་ལྷའམ་དཀོན་མཆོག་བར་དུ་ཐད་ཀ་ཐད་སོར་ལབ་གླེང་མཛད་རྐྱང་ཆོག་པ་ལས། སྐྱེས་བུ་གཉིས་པ་ཞིག་གིས་སྐད་འཁྱེར་ཕོ་ཉ་བྱེད་དགོས་དོན་མེད་ཅེས་པའི་ཚུལ་ལ་ངེས་ཤེས་འདྲོངས་ཐུབ་པ་ཞིག་རེད་ཨང་།
དེས་ན། མའེ་ཁོལ་ལགས་ཀྱི། གཏན་ཚིགས་ཀྱིས་མི་འདོད་ཅིང་སྒྱུ་རྩལ་གྱིས་འདོད་པའི་ལྷའམ་དཀོན་མཆོག་བྱ་བ་དེ་མི་རྣམས་ལ་སྐྱེས་ཐོབ་ཏུ་བདག་པའི་རང་དབང་དང་འདྲ་མཉམ། དམངས་གཙོ་སོགས་ཀྱི་ཚབ་དོད་ཅིག་ཡིན་པའམ། ཡང་ན་རང་དབང་དང་འདྲ་མཉམ། དམངས་གཙོ་སོགས་དང་སྐྱེ་འགག་ལྷན་ཅིག་ཡིན་པའི་འདུ་ཤེས་ཀྱི་གྲིབ་བརྙན་གཞན་ཞིག་ཡིན་ནམ་ཅི།
གང་ལྟར། རི་མོ་པ་ཆེན་པོ་ཏ.ཧྥིན་ཆི་(Leonardo Di SerPiero Da Vinci 1452-1519) ལགས་ཀྱིས་ ༡༤༨༣ ཙམ་ལ་བཞེངས་པའི་བྲག་རྡོའི་གསེང་གི་འཕགས་མ་དང་དེའི་རྗེས་སུ་བཞེངས་པའི་“ལྷ་མོ་”མོན་ནཱ་ལི་ཧྲ་ཡིན་ན་འདྲ་ལ། རོལ་མོ་པ་ཆེན་པོ་མའེ་ཁོལ་ལྗག་སོན་གྱིས་བརྒྱ་ལོ་ཉེར་གཅིག་པར་བླངས་པའི་འཇིག་རྟེན་བྱེད་པོའི་“གསོལ་འདེབས་”ཡིན་ན་འདྲ། དུས་རབས་སྔོན་མར་ཡི་གེ་པ་ཆེན་པོ་ཐེ་ཀོར་(Rabindranath Tagore 1861-1941)ལགས་ཀྱིས་བརྩམས་པའི་གླུ་ཐལ་སྦྱར་མའི་ནང་གི་“ཁོང་ཉིད་”ཡིན་ནའང་འདྲ་སྟེ། མིའི་ནང་སེམས་ལ་ཡོད་པའི་གཉུག་གཤིས་ཀྱི་སྨོན་ལམ་དང་ལྷན་སྐྱེས་ཀྱི་རྨི་ལམ་རིགས་ཤིག་འཆད་བཞིན་པ་མ་གཏོགས། ལེགས་བྱང་དང་རྒྱང་གིས་བསྐལ་བའི་ཡུལ་ལུང་བས་མཐའི་ལྷ་འདྲེ་མཐུ་བོ་ཆེ་སྣ་ཚོགས་ཀྱི་གསོལ་ཁ་གྱེར་བ་མི་འདྲ་བར་སེམས་སོ། །
                                                                                                                                           ༢༠༡༡ ༠༡ ༢༧

ལྷ་དང་དགེ་འདུན་ཆོས་འཕེལ། མཚན་ཉིད་ལྷུག་རྩོམ་མམ་དཔྱད་གླེང་ལྷུག་རྩོམ།

མི་རྒན་ཤེར་རྒྱམ་གྱིས་བཤད་ན། དགེ་འདུན་ཆོས་འཕེལ་ལགས་ཀྱིས་སྐུ་ཚེའི་ཐོག་མཐའ་བར་གསུམ་དུ་སྒྲོལ་མ་དཀར་མོའི་ཙ་ཀ་ལི་ཞིག་ཉར་ཏེ་ཡོད་ཟེར། གཏམ་དེ་ཕལ་ཆེར་བདེན་ཚོད་རེད། ཁོང་གི་གསར་རྙེད་གསུང་རྩོམ་གྱི་ཁ་ཤོག་ནང་མར་ཡང་། རྗེ་ཉིད་ཀྱི་ཕྱག་བྲིས་དངོས་ཡིན་སྐད་ཀྱི་“ལྷ་མོ”གསོན་ཉམས་ཅན་ཞིག་བཀོད་ཡོད་སོང་།
སྤྲིན་རིས་ཀྱི་བར་གསེང་ནས་ཆུ་ཆར་ལོས་འབབ་སྙམ་ཞིང་མེ་ཏོག་གི་ཐགས་དྲ་ལས་བུང་བ་ལོས་གྲག་སྙམ་པའི་“ལྷ་མོ”འམ་བྲིས་སྐུ་གང་དེ་མཇལ་ན། ངའི་ཡིད་ལ་གློ་བུར་དུ། རྟོག་གེ་པ་ཆེན་པོ་ཁོང་གི་“ངམ་ནག་རྒྱ་མཚོའི་འོབས་ཀྱིས་བསྐོར་”འདྲའི་མི་ཚེའི་ཁེར་རྐྱང་དྲན་འོང་ཞིང་། ངྷི་ཚ་ནས་ལྷོ་ལ་བདས་ཤིང་བླ་བྲང་ནས་བྱང་ལ་བརྒྱབ་པའི་ཤེས་རབ་ཀྱི་“ཁུར་ཙ་པ་”དེ་ལ། ནམ་མཁའི་ཡས་མཐའ་དང་དགུ་ཚིགས་ཀྱི་ཕ་མཐའ་གང་རུང་ནས་“སྲོག་ལ་བབ་ཀྱང་འབད་པས་སྲུང་བར་གྱིས་”ཞེས་དབུགས་དབྱུང་གི་འོད་ཐག་བསྣར་མཁན་ཞིག་ཡོད་པ་མཐོང་འོང་གི །
རྗེ་ཉིད་ཀྱི་སྐུ་ཚེའི་ཐོག་མཐའ་བར་གསུམ་སྟེ། “བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཤར་”དུས་དང་“ལོ་གསུམ་སྡུག་ལས་བྱས་པའི་ཨ་ཐང་ཆད་”དུས་དང་“སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་བརྗེས་དུས་”ཏེ། མཐའ་ན་དགེ་བཤེས་ཤེས་རབ་རྒྱ་མཚོའང་ཐེ་བའི་བོད་མི་སྤྱི་བོ་གནམ་བསྟན་ཀུན་གྱིས་ཁ་བརྒྱ་ཚིག་གཅིག་གིས་དགེ་འདུན་ཆོས་འཕེལ་“ལྟ་བ་ལོག་སོང་”བརྗོད་དུས་ནའང། རྒྱ་ཆད་ཕྱོགས་ལྷུང་མེད་པའི་“ལྷ་མོ”འམ་སྒྲོལ་མ་གང་དེས་ཁོང་གི་རྣ་འགྲམ་དུ་གསལ་ལ་འབྲུ་དག་པར་“སྲོག་ལ་བབ་ཀྱང་འབད་པས་སྲུང་བར་གྱིས་”ཞེས་ཟློག་མེད་ཀྱི་ཐུགས་གསོ་མཛད་པ་ཡིན་ཨང་།
རྗེ་ཉིད་ཀྱིས། “ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་”ཞེས་སྣང་སྲིད་འཁོར་འདས་ཐམས་ཅད་“ཞིག་པ་ཟངས་ཐལ་སྤར་གང་”དུ་གཏོང་དུས་དང། “ཡ་མཚན་ལྟད་མོ་ཙམ་ལས་གཞན་མ་མཐོང་”ཞེས་ལྷ་འདྲེ་བག་ཆགས་ཀྱི་“རི་མོ་”ཡོངས་རྫོགས་གདོད་རྩ་བ་ཉིད་ནས་བསུབས་དུས་ཏེ། ཟབ་མོ་དགག་སྒྲུབ་ཀྱི་གནས་སྐབས་གང་དང་གང་དུའང་། “རྒྱུས་མེད་ཡུལ་དུ་ལམ་སྟོན་ས་མཁན་མཛད་”ཅིང་“འཇིགས་པའི་འཕྲང་དུ་སྐྱོབ་པའི་སྐྱེལ་མ་གནང་”ཞིང་“དབུལ་ཞིང་ཕོངས་ཚེ་མཁོ་བའི་ལོངས་སྤྱོད་སྩོལ་”བའི་“ལྷ་མོ”འམ་སྒྲོལ་མ་གཅིག་ཅིག་ཁོང་གི་རྩ་གསུམ་སྙིང་གི་ཤེལ་བུམ་ནང་འཇའ་འོད་ཁྱུག་ཁྱུག་ཏུ་བཞུགས་ཏེ་ཡོད་པ་རེད།
འདོད་པའི་བསྟན་བཅོས་ཀྱི་དབུར། “དྲི་མེད་ནམ་མཁའི་མདོག་ཅན་ཡིད་འོང་སྐུ། ། འཕོ་མེད་དགའ་བའི་དཔལ་ལ་རྟག་ཏུ་རོལ། ། ཁ་བ་ཅན་གྱི་ཏི་སེ་གངས་ལ་བཞུགས། ། དབང་ཕྱུག་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། ། མཛེས་པའི་ཞལ་རས་ཉ་གང་ཟླ་བའི་མདངས། ། མཛུམ་པའི་ཚེམས་དཀར་མུ་ཏིག་ཕྲེང་བའི་སྤུན། ། རྒྱས་པའི་ནུ་འབུར་དུང་གི་བུམ་པའི་གཟུགས། ། ལྷ་མོ་གོོ་རའི་ཞབས་ལ་བདག་ཕྱག་འཚལ། །” ཞེས་མུ་སྟེགས་ལུགས་ཀྱི་“ལྷ་”དང“ལྷ་མོ་”ལའང་དད་གུས་ཚད་མེད་བྱས་ཡོད་པར་བལྟས་ན།
དགེ་ཆོས་མཆོག་གི་“སྒྲོལ་མ་དཀར་མོ”འམ་“ལྷ་མོ་”དེ་ཉིད་ནི་གྲུབ་མཐའ་དང་གཏན་སྲོལ་ལས་བརྒལ་མི་ཆོག་པའི་ང་ཚོའི་ལུང་པ་ཁ་རུབ་དག་དང་ཅུང་མི་འདྲ་བར་སྙམ།
ཁོང་ཉིད་སྐུ་གཤེགས་ཁར་དགའ་ལྡན་པའི་རྟེན་འབྲེལ་བསྟོད་པ་དང་སྔ་འགྱུར་པའི་རིག་སྟོང་རྡོ་རྗེའི་རང་གདངས་ཚར་རེ་འདོན་དུ་བཅུག་པ་དེ་བདེན་ན། དགེ་ཆོས་འདི་པ་གསར་རྙིང་དབྱེར་མེད་ཀྱི་རྣལ་འབྱོར་པ་“འཇིགས་པོ་”ཞིག་རེད་ལ། ཡང་ན་“གསར་མིན་རྙིང་མིན་”གྱི་ཤེས་རིག་སྤྱི་སྙོམས་ཆེན་པོའི་ལུགས་འཛིན་མཁན་ཞིག་རེད།
“ངས་སྐབས་རེར་ཁ་རོག་ཡེ་ཤུའི་ལྷ་ཁང་ནང་དུ་འཛུལ་ཕྱིན་ཏེ་བསམ་བློ་གཞན་པ་གང་ཡང་མ་བཏང་བར་ཁོ་རང་ཚོའི་ལུགས་ཀྱི་དཀོན་མཆོག་དེ་ལ་ཁོ་རང་ཚོའི་གཞུང་ནས་བཤད་པ་ལྟ་བུའི་ཡོན་ཏན་དྲན་པའི་སྒོ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་བསྡད་པ་ན། དུས་ཚོད་གང་འཚམ་ཞིག་ནས་མིག་ཆུ་འཆོར་བ་ཙམ་གྱི་དད་པ་ཞིག་སྐྱེ་འོང་རྒྱུ་འདུག་ཡ་མཚན།”ཞེས་པ་དང་།
“རིང་ནས་འདྲིས་པའི་རང་ཁྱིམ་ངོས་ཟིན་ཞིང་། ། ཚེ་རབས་སྔ་མའི་ལས་ཀྱི་འཕྲོ་རྙེད་དེ། ། གནས་བརྟན་དགེ་སློང་ཚོགས་དང་མཇལ་བ་འདི། ། སྔོན་བསགས་ལས་ཀྱིས་བསྐྲུན་པའི་འབྲས་བུར་ངེས། །” ཞེས་པ་ལྟར་ན།
དགེ་ཆོས་འདི་པ་ཕྱི་ནང་ཀུན་འཇུག་གི་སོ་སྐྱེས་དད་ལྡན་ཞིག་རེད་ལ། གཞན་དུ་ན། གྲུབ་མཐའ་མི་ཕྱེད་པའི་ཆོས་ལུགས་པའམ་ཤོད་ཚོད་མེད་པ་དེ་འདྲ་ཞིག་སྟེ། ད་ཡན་ཆོད་མིའི་རིགས་ཀྱིས་མཚན་ཉིད་བྱས་མ་མྱོང་བའི་མཚན་གཞི་ལྷག་མ་ཞིག་རེད་དོ།།
བདག་གིས་སྙམ་ན། དགེ་ཆོས་ལགས་ཀྱི་ཐུགས་མཁའ་རུ་མུ་སྟེགས་ཀྱི་དབང་ཕྱུག་དང་ནང་པའི་སངས་རྒྱས་དང་ལུགས་གཞན་གྱི་དཀོན་མཆོག་ལ་སོགས་རྣམ་པ་དང་འགྲེལ་སྟངས་མ་འདྲ་བ་ཙམ་ལས། གཏན་ཚིགས་ཀྱིས་རྙེད་དུ་མེད་ཅིང་གཉུག་ཚོར་གྱིས་འདོར་དུ་མེད་པའི་ངོ་བོ་ནི་ཁེ་རུ་མ་ཞིག་སྟེ། མི་རྣམས་ཀྱིས་ཅི་ལྟར་སྤྲོ་བསྡུ་མཛད་ནའང“ལྷ”འམ་“ལྷ་མོ་”ལས་ལོགས་སུ་ཡོད་པ་ཞིག་མ་རེད་འདོད།
དེས་ན་“ལྷ”འམ་“ལྷ་མོ་”ཞེས་པའི་མཐར་ཐུག་ནི། སོ་སྐྱེས་རྣམས་ཀྱི་སྣང་བའི་བས་མཐའ་དང་ཚོར་བའི་སྟོང་གླེགས་དང་དྲན་པའི་ཁེར་རྐྱང་ལ་སོགས་ཕར་“ལྷ་མོ་”སོགས་ཀྱི་བརྡ་རུ་གཟུགས་འཕོས་པ་ཞིག་མ་གཏོགས། གནས་ག་ཤེད་ཅིག་སྟེ། རི་རབ་ཀྱི་ཁོང་གསེང་དང་ཉི་ཟླའི་སྟེང་ཀླད་སོགས་ན་མི་བཞིན་གསོན་པོར་གནས་པའི་སེམས་ཅན་ཁྱད་པར་ཅན་ཞིག་ཡོད་དོ་ཞེས་པའི་དོན་ཕལ་ཆེར་མིན་པ་འདྲ།
འདིར་བརྟག་པ་མཐའ་བཟུང་མི་བྱེད་དོན་ནི་“ལྷ”འམ་“ལྷ་མོ་”ཞེས་པའི་བཏགས་དོན་གྱིས་ནི་དགེ་འདུན་ཆོས་འཕེལ་ལྟ་བུའི་རྟོག་གེ་པ་ཆེན་པོ་དག་ལའང་བྱིན་རླབས་ཀྱི་ཐུགས་གསོ་དང་དབུགས་དབྱུང་སྩོལ་གྱིན་མཆིས་ན། སྒྲུང་ངག་སྣ་ཚོགས་ཀྱི་ཤུན་པ་བརྒྱ་སྟོང་བཤུས་པའི་ཕ་རོལ་ཡང་རོལ་ཞིག་ན། དུས་ད་ལྟའི་བར་ཆོས་ལུགས་སྣ་ཚོགས་ཀྱིས་རྦད་དེ་འགྲེལ་ཐབས་མ་བྱུང་བའི་དང་པོའི་“གཞི་གྲུབ་”ཁྱད་མཚར་བ་ཞིག་ཡོད་ནའང་ཅི་འཚལ་ཏེ། གཏན་ཚིགས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་གྲུ་ག་རེ་གཉིས་ལ་ང་ཚོས་ནམ་ཡང་དཔྱད་འཇོག་མི་ཕེར་བས་སོ། །
རགས་པའི་དབང་དུ་ན་ནི། གོང་དུ་སོང་བ་བཞིན་དགེ་ཆོས་ལགས་ཀྱི་“ལྷ”འམ“ལྷ་མོ་”དེ་ནི་མི་ཡུལ་གྱི་བསམ་བློ་པ་དང་སྒྱུ་རྩལ་པ་དང་སྙན་ངག་པ་སོགས་ལ་ལྷན་སྐྱེས་སུ་མངའ་བའི་ལྟོས་མེད་ཀྱི་“ཁེར་སྡུག་”དང་དུས་གསུམ་གྱི་“ཁེར་སྐྱོ་”དང་ཆོས་ཉིད་ཀྱི་“ཁེར་སྤྲོ་”སོགས་ཏེ། སྐྱེས་བུའི་ནང་གི་གབ་གཟུགས་འབའ་ཞིག་ལས་གཞན་མ་ཡིན་པ་དང་།
གབ་བྱེད་“ལྷ”འམ་“ལྷ་མོ་”དེའི་ནང་ལོགས་ན། མི་གཞན་གྱིས་རྒྱུས་ལོན་བྱེད་དུ་མེད་པའི་བསམ་བློ་པའི་ཁོག་སྡུག་དང་རྟོག་གེ་པའི་གཅིག་སྐྱོ། སོ་སོས་ཇི་བཞིན་འགྲེལ་དུ་མེད་པའི་སྒྱུ་རྩལ་པའི་ཁེར་ཆད་དང་སྙན་ངག་པའི་ཡུལ་གྱར་ལ་སོགས་པའི་གབ་བྱ་སྣ་ཚོགས་སྤུངས་ཏེ་ཡོད་པ་རེད།
ཇི་སྲིད་མིའི་རིགས་སྲིད་པ་དེ་སྲིད་དུ་བསམ་བློ་པ་དང་སྒྱུ་རྩལ་པ་དང་སྙན་ངག་པ་སོགས་ཀྱི་ཕྲེང་བ་ཟམ་མི་ཆད་པ་ཡིན་ཞིང་། ཇི་སྲིད་བསམ་བློ་པ་དང་སྒྱུ་རྩལ་པ་དང་སྙན་ངག་པ་སོགས་ཀྱི་ཕྲེང་བ་ཟམ་མི་ཆད་པ་དེ་སྲིད་དུ། ལྟོས་མེད་ཀྱི་“ཁེར་སྡུག་”དང་དུས་གསུམ་གྱི་“ཁེར་སྐྱོ་”དང་ཆོས་ཉིད་ཀྱི་“ཁེར་སྤྲོ་”སོགས་ཀྱི་བཞུར་རྒྱུན་ཡང་གཏན་ནས་ཆད་ཐབས་ཡོད་པ་མ་རེད་དེ། དུས་དེ་སྲིད་དུ། སོ་སྐྱེས་རྣམས་ཀྱི་སྣང་བའི་བས་མཐའ་དང་ཚོར་བའི་སྟོང་གླེགས་དང་དྲན་པའི་ཁེར་རྐྱང་སོགས་ཀྱི་“ལྡེའུ་”ཡིན་པའི་“ལྷ”འམ་“ལྷ་མོའི་”ལོ་རྒྱུས་ཀྱང་རྫོགས་རྒྱུ་ཡོད་པ་ག་ལ་སྲིད། ​ཁོ་བོ་ལྟར་ན། “ལྷ”འམ་“ལྷ་མོ་”ཞེས་པ་ནི་ཚད་མ་སོགས་ཀྱི་སྒྲུབ་བྱེད་ལ་རང་ངོ་ནས་མི་ལྟོས་པ་ཞིག་དང་གཞན་ངོ་ནས་ལྟོས་མི་དགོས་པ་ཞིག་རེད་འདོད།
སྲིད་པ་འདིར་གཏན་ཚིགས་སྣ་ཚོགས་དང་ཆེས་བར་ཐག་གིས་ཆོད་པའི་“ངོ་བོ་”ཞིག་ཡོད་ན་ནི་“ལྷ”འམ་“ལྷ་མོ”་ཉིད་ཡིན་པ་རེད། དེའི་རྐྱེན་གྱིས་མིའི་རིགས་ཀྱི་རྟོག་གེའི་སྐར་མ་འོད་ཆེན་དག་གིས་ཀྱང་ཚེ་སྟོད་དུ་མིན་ན་ཚེ་སྨད་དུ་དང་དམིགས་བསལ་དུ་མིན་ན་དགོས་དབང་གིས་སོགས་ཀྱིས། “ལྷ”འམ་“ལྷ་མོའི་”སྐོར་གྱི་ཡི་གེ་སྦས་གཏེར་སྣ་ཚོགས་ཤིག་ཀུན་ནས་བརྩམས་ཟིན་པ་ཡིན་ཏེ། ནིས་ཚེ་(Friedrich Wilhelm Nietzsche 1844-1900)ལགས་ཀྱི་“ཉི་ལྷ་”དང་“ཆང་ལྷ་”ལྟ་བུའང་དེའི་དཔེ་རུ་འགྲོ་སྟེ། “ལྷ་”དེ་འདྲ་བས་ནི་རྩོམ་པོ་སྒེར་ལ་བདག་པའི་ཤེས་རིག་གི་བརྡ་སྐད་ཅིག་མཚོན་པ་མ་གཏོགས། སྐྱེ་བ་སྔ་ཕྱིའི་རྣམ་གཞག་བཞིན་གྱི་གཡེར་པོ་ཆེའི་ཕོ་ཚོད་ཀྱི་རིགས་མི་སྟོན་པ་བཞིན་ནོ། །
ང་ཡི་ཀློག་པ་པོ་ཀྱེ། ཁྱོད་ཀྱིས་ད་དུང་ཡང་“ལྷ”དང་དགེ་ཆོས་བར་གྱི་གསང་བ་རིང་མོ་དེ་གོ་མེད་ཀྱང་སྲིད། ཡིན་ནའང་། བདག་གིས་ནི་ཐ་སྙད་ཀྱིས་བརྡ་འཕྲོད་ཙམ་བར་དུ་དགེ་ཆོས་ལྷ་མེད་སྨྲ་བ་ཡིན་པའི་རྒྱུ་མཚན་བཤད་ཟིན་ལ། མིང་ཚིག་གིས་དོན་འཁྲོལ་ཙམ་བར་དུ་དགེ་ཆོས་ལྷ་ཡོད་སྨྲ་བ་ཡིན་པའི་གནས་ལུགས་ཀྱང་བཀྲལ་ཟིན་པ་ཡིན།
ངས་བླུན་འདང་བརྒྱབ་པ་ཡིན་ན། དགེ་ཆོས་སྐུ་དངོས་ལ་ཞུས་ནའང་“ལྷ་”དང་ཁོང་ཉིད་བར་གྱི་འབྲེལ་བ་དང། “ལྷ་”དང་སོ་སྐྱེས་བར་གྱི་འབྲེལ་བ་དང་། “ལྷ་”དང་སྐྱེས་བུའི་ནང་སེམས་ཀྱི་རེ་བ་དང་རྨི་ལམ་བར་གྱི་འབྲེལ་བ་དང་། “ལྷ་”དང་འགྲོ་བའི་ཤེས་རྒྱུད་ཀྱི་ཕུགས་བསམ་དང་འཚོལ་སྙེག་བར་གྱི་འབྲེལ་བ་དང་། “ལྷ་”དང་ཁོང་གིས་མི་ཚེ་གང་པོར་སྙིང་ལ་སྦྱར་བའི་རྗེ་བཙུན་སྒྲོལ་མའི་ཙ་ཀ་ལིའི་བར་གྱི་འབྲེལ་བ་སོགས་ལ་འདི་ལས་ལྷག་པ་ཞིག་གསུང་དུ་མེད་དོ་སྙམ།
                                                                                                               ༢༠༡༡ ༠༡ ༢༨

ལྷ་བཤད་ཅོག་པུ་ཁྲ་བོ། མཚན་ཉིད་ལྷུག་རྩོམ་མམ་དཔྱད་གླེང་ལྷུག་རྩོམ།

ཁོ་བོ་ནི། “ལྷ”འམ་“ལྷ་མོ་”ཞེས་པའི་གཉུག་མའི་གོ་དོན་ལ་ཏོག་ཙམ་དགའ་བོ་ཡོད་ཕྱིར། ལོ་འདི་ཚོར་“ལྷ་རིག་སྨྲ་བ་”མང་ཞིག་དང་དངོས་སུ་གྲོགས་པོར་གྱུར། དཔེར་ན། ངྷི་ཚ་དགོན་པའི་ཤག་གྲོགས་མུན་འཇོམས་དང་ལྷན་དུ་སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་ལྷའི་བྱེད་སྒོ་སྣ་ཚོགས་ལ་བསྐྱར་དུ་ཞུགས་ཤིང་། ཁོ་ཚོས་མོ་འདེབས་པ་དང་སྨོན་ལམ་རྒྱག་པ་སོགས་ཀྱི་གོ་རིམ་ལ་ནན་ཏུར་དུ་གཞིགས།
༼རྟུལ་ཕོད༽བྲིས་རྗེས། ཐོག་མར་ཨ་ཁུ་རྣམས་དང་དགྲ་གཤེད་དུ་གྱུར་མོད། བར་དུ་བགྲོ་གླེང་དུ་སོང་། མཇུག་མཐར་ངེད་ཅག་སླར་ཡང་གྲལ་གནས་གཅིག་ཏུ་བཙོག་ཆོག་པ་བྱུང་སྟེ། མཚམས་རེར་ཁོ་ཚོས་ང་དང་བསྟུན་ཏེ་ཤོབ་ཕུང་ཞེས་པའི་བཅད་དུམ་རེ་ཟུང་དབྱངས་སུ་གྱེར་བདེ་བྱེད་ཅིང་། ལན་རེར་ང་རང་ཡང་ཁོ་པ་ཚོའི་བག་ཆགས་བཙན་པོའི་རྡུལ་འཚུབ་ཀྱིས་གཡོགས་ཏེ་སྡེ་བརྒྱད་མཆོད་པ་དང་མ་མོའི་བསྐང་གསོལ་སོགས་མགྲིན་ངག་འཛེར་འཛེར་དུ་འདོན་དགོས་པ་ཞིག་ཆགས།
དགའ་ཕྱོགས་ཤིག་གིས་བོན་པོའི་དཔེ་ཆ་ལ་མང་ཙམ་བལྟས་པ་ཡིན། བོན་པོ་དག་གིས་ཆོས་འདོན་པ་དང་གཏོ་འཕེན་པ་དང་རྔ་བདུངས་པ་སོགས་ལ་འཛུམ་པ་མེད་པར་ལྟ་འདོད་སྐྱེས།
བོད་པ་ཚོར་ལམ་སྲོལ་ཉུང་ཙམ་ལས་ཡོད་མི་ཆོག་པ་མ་གཏོགས། ཁོ་བོ་ཟླ་བ་འགའ་འམ་ཉི་མ་འགའི་“སྨོན་པའི་མི་བོ་”ཞིག་བྱས་ན་ཨེ་མི་དགའ།
འོན་ཀྱང་འདི་ནི། ཁ་ཤགས་པ་ཟླ་བྷེ་ལགས་རས་འོག་ནས་རས་འོག་ཉུལ་བ་དང་ག་ལ་འདྲ་སྟེ། གསེར་ཐང་མཁན་པོ་མཆོག་གིས་ངོ་ལ་ས་དཀར་བྱུགས་ཏེ་བྲམ་ཟེའི་སྐྱེ་བ་བཞེས་པ་དང་ཕྱོགས་མཚུངས་པས་སོ། །
སྐབས་ཤིག་ལ། ཁ་ཆེའི་ཆོས་ལ་དད་པ་བཞག་ཡོད་ཟེར་མཁན་གྱི་བོད་མི་འགའ་རེའང་ངོ་ཤེས་སུ་གྱུར། དེ་རྣམས་ལ་ཞིབ་ཏུ་དྲིས་དུས། འཇིག་རྟེན་བྱེད་པོ་འདོད་ལུགས་ཀྱི་བཅུ་ཆའི་གཅིག་ཙམ་ཡང་ཤེས་ཀྱིན་མེད་པས་ཡིད་སྐྱོ་བ་ཞིག་རེད། འོན་ཀྱང་ཁོ་ཚོས་ག་ས་གང་དུའང་“ཆོས་ཀྱི་ཕོ་ཉ་”ཡིན་པའི་རྟུལ་ཞུགས་འཛིན་པ་སོགས་ཆ་དང་ཡ་ཡི་རྣམ་ཐར་དེ་ཙམ་རེད།
ཐེངས་ཤིག་ཁ་ཆེའི་གཞོན་ནུ་མ་ལྟ་ན་སྡུག་པ་ཞིག་ངོ་ཤེས་པར་དེའི་ཁྱོ་བོ་ནི་ལྷོ་ཁའི་བོད་པ་ཞིག་ཡིན་སོང་། ཁོ་ལའང་བྱེད་པོའི་འདོད་ལུགས་ཉག་ཙམ་ཤོད་རྒྱུ་མ་ཡོད་མོད། སོ་སོར་ཡུས་ཆེ་མདོག་གིས་ཡིག་ནོར་ཅན་གྱི་ཆོས་ཚིག་རེ་གཉིས་བསྟན་ཏེ་བསམ་གྱིས་མི་ཁྱབ་ཚུལ་འཆད་ཀྱིན་པས་དགོད་ཤོར། དེ་ཕལ་ཆེར་རང་གི་སྒེག་མོའི་དོ་མ་ཕེར་བ་ཨེ་ཡིན་སྙམ་སོང་། ཕ་ཡུལ་གྱི་ཆོས་པ་ཡིན་ཟེར་མཁན་ལ་ལས་སངས་རྒྱས་པའི་ལུགས་ཀྱི་རྒྱུ་མཚན་མི་ཤེས་བཞིན་དུ་ཐོད་པས་སར་བརྡུངས་པ་དང་མཚུངས་ཨང་།
དངུལ་ལོར་གྱི་ཕྱིར་དུ་དད་པ་འཇོག་མཁན་ཡོད་ཅེས་གོ་མྱོང་མོད། ངས་ཤེས་པ་དེ་ཚོའི་ཁྲོད་འབྱོར་པ་ཅན་གཅིག་ཀྱང་མཐོང་མ་སོང་བས་ཕལ་ཆེར་རྫུན་ཡིན་ཚོད་རེད།
གང་ལྟར་ཁ་ཆེ་པ་སོགས་ཀྱི་ཆོས་ལ་དོ་སྣང་སླེབས་ཀྱིན་ཡོད་ཟེར་མཁན་དང་། དད་པ་བཞག་སོང་ཚར་ཟེར་མཁན་དང་། ཞིབ་འཇུག་བྱེད་དོ་ལྟོས་ཟེར་མཁན་གྱི་བོད་མི་ནི་ཚད་དང་མཐའ་ཡོད་པ་ཞིག་མིན་ཚོད། ཡིན་ནའང་། དེ་དག་གི་བློ་ངོར་ཡོད་པའི་ལྷའི་གོ་དོན་ནི། ངའི་ལྷུག་རྩོམ་གཞན་དུ་བྱུང་བའི་མའེ་ཁོལ་ལྗག་སོན་དང་དགེ་འདུན་ཆོས་འཕེལ་སོགས་ཀྱི་དེ་འདྲ་ཞིག་གཏན་མ་ཡིན་པར། དབུགས་ཐོགས་བླ་ཅན་གྱི་སེམས་ཅན་ཕུང་པོ་གསུམ་པ་ཞིག་གི་དབང་སྒྱུར་ཡིན་འདུག་པས་དངོས་གནས་ཤ་ཚ་འོང་བ་ཞིག་རེད།
ལར་ཐུག་མེད་ཐུག་ཡོད་ཀྱི་“ལྷ་”ཡི་གནམ་མཐའ་རིང་མོ་དེ་དཀར་གསལ་ལེར་རམ་ནག་ཁུང་ངེར་རྙེད་མཁན་ནི་དགེ་འདུན་ཆོས་འཕེལ་དང་མའེ་ཁོལ་ལྗག་སོན་ལྟ་བུའི་སྐྱེས་བུ་རེ་གཉིས་ཤིག་རེད།
ཁོང་རྣམས་ཀྱི་དབུགས་ཀྱི་རྒྱུ་བ་ནང་བཞིན་གྱི་“ལྷ”འམ་“ལྷ་མོ་”ནི་དགག་སྒྲུབ་ཏུ་མི་འདུ་ཞིང་སྤང་བླང་དུ་མི་གཏོགས་པས་ན་བྱར་མེད་དུ་བསྐྱུར་བ་ལས་ཐབས་ཤེས་ཅི།
ས་མཚམས་དེ་ལས་རྒྱང་གྲགས་འགའ་ཞིག་ཕྱི་རུ་སྤོས་ན། ཚན་རིག་པ་དང་ལྷའི་སྐོར་ལ་ཐུག་འགྲོ་བ་རེད།
སྤྱིར་ཚན་རིག་པ་དག་གིས་ནི། གོ་རྒྱུ་མེད་པའི་གསང་བ་ཨ་མཚར་ཁོ་རང་གང་ནས་སླེབས་པ་རེད་ཅེས་ཤུགས་ཆེན་གྱི་དྲི་བ་འཕེན་པ་དང་། ད་ལྟར་ཁ་ཚོན་གཅོད་དུ་མེད་པ་འདི་དག་བྱེད་པོ་གཞན་ཞིག་གི་ནུས་པས་ཡིན་སྲིད་དམ་ཞེས་འདང་རྒྱག་གིས་སྐོར་གཡེང་བྱེད་པ་དང་། ཡུལ་ག་ཤེད་ཅིག་ན་སོ་སྐྱེས་རྣམས་ཀྱི་ནུས་པ་ལས་ལྡབ་འགྱུར་གྱིས་འཕགས་པའི་སེམས་ཅན་ཡན་གར་པ་ཞིག་སྡོད་སྲིད་དམ་ཞེས་བསམ་བློའི་སྟོང་ཆ་སོགས་བསྐྱུར་བར་བྱེད་ཅིང་།
དེ་འདྲ་བའི་སེམས་ཅན་ཡན་གར་པའམ་ཚེ་སྲོག་མི་མཚུངས་པ་ཞིག་གནས་ཚེ། དེ་ལའང་ཚེ་ཡི་སྐྱེ་འཆི་དང་ལུས་ཀྱི་ན་རྒ་དང་ཚོར་བའི་བདེ་སྡུག་སོགས་ཕལ་ཆེར་ཡོད་སྲིད་པ་དང་། གཤོག་པ་ཅན་གྱི་འབུ་བཞིན་དུ་འཕུར་ཐུབ་པ་སོགས་ཀྱི་ནུས་པ་མི་མཚུངས་པ་རེའང་ཡོད་སྲིད་ལས་ཆེ་ཞེས་སྨྲ།
ཡིན་ནའང་། དེ་ཙམ་གྱིས་ཚེ་སྲོག་གང་དེ་མཆོག་རབ་ཅིག་ཡིན་པའི་འདུ་ཤེས་ཁོ་ཚོས་འཛིན་ག་ལ་སྲིད་དེ། ངོ་བོ་མི་འདྲ་བ་ལ་བྱེད་ནུས་མི་འདྲ་བ་ཡོད་པ་ཚན་རིག་པ་དག་གིས་ལོས་ཀྱང་མཁྱེན་ཏེ། གནམ་ལ་ཁ་བ་བཞིན་འཁོར་བའི་བྱ་དང་བྱེའུ་དག་ནི་ལེ་དབར་གཅིག་ཙམ་ལ་ལྡིང་རྒྱུ་མེད་པའི་མི་རྣམས་ཀྱིས་བཟུང་སྟེ་གསོད་སོགས་ནུས་པ་ལྟ་བུའོ། །
མདོར་ན། ཚན་རིག་པ་ཚོས་ནི་སྤྱི་ལོའི་སྔོན་ནས་བཟུང་སྟེ་རང་བྱུང་ཁམས་ཀྱི་གསང་བའི་“ཐུམ་བུ་”སྣ་ཚོགས་ཀྱི་མདུད་ཁ་ག་ལེར་བཀྲོལ་ཏེ། ཐོག་འབྲུག་གློག་གསུམ་དང་ཆར་རླུང་འཇའ་གསུམ་སོགས་ཀྱི་“སྒོག་ཤུན་”རིང་མོ་རིམ་པ་བཞིན་དུ་བཀོག་སྟེ། སྟོང་ཁམས་ཧྲིལ་པོ་འདི་ཉིད་བགོ་སྣོན་འཕྲི་སྒྱུར་གྱི་སྒྲོག་ཙེའི་སྒང་ལ་བོངས་ཀྱིས་ཕོག་སོང་བ་རེད།
རང་ཅག་འཚོ་ཞིང་གནས་པའི་ས་སྒང་འདི་ལ་ཐབས་ཕྲ་རགས་མང་པོ་དང་ཐིག་ཕྲ་སྦོམ་སྣ་ཚོགས་དང་གྲངས་ཆེ་ཆུང་འདྲ་མིན་གྱིས། ཐུག་མེད་དུ་དཔྱད་དེ། ཐུག་མེད་དུ་དེད་དེ། ཐུག་མེད་དུ་བརྟགས་ཏེ་འོངས་པ་དང་། ཕྱི་ཡི་ཟོམ་ཐམས་ཅད་སིལ་བུར་བསིལ་ཏེ། ནང་གི་གྲུ་ཡོངས་རྫོགས་གཅལ་དུ་བཀྲམ་སྟེ། དཀྱིལ་དབུས་ཡུངས་འབྲུ་ཙམ་ལའང་བརྟགས་ཤིང་དཔྱོད་པ་ཡུན་རིང་བར་དུ་བྱས་ཏེ། རྡུལ་དང་རྡུལ་ཕྲན་དང་རྡུལ་ཕྲ་རབ་སོགས་ཆེས་ཆུང་བའི་ཆུང་མཐའ་དག་ཀྱང་ཕལ་ཆེར་མཐོང་ཚར་བར་བྱས་པ་སོགས་སོ། །
གོ་རིམ་དེའི་ཁྲོད་དུ། མི་རྣམས་ཀྱིས་བསྐལ་པ་རྫོགས་མེད་ཀྱི་རིང་ལ་ལྷའི་མཐུ་རྩལ་འབའ་ཞིག་ཏུ་བརླམས་མྱོང་བའི། “གླང་ཆེན་འགྱིང་རིའི་སངས་རྒྱས་འོད་ཀོར་”ལྟ་བུའི་ཁྱད་མཚར་བའི་ལྐོག་གྱུར་བྱེ་བ་མང་པོ་རེ་རང་བྱུང་ཁམས་ཀྱི་སྣང་ཚུལ་དམིགས་བསལ་བའི་བྱེད་པ་ཡིན་པར་ར་འཕྲོད་བྱུང་བ་དང་། ཨེ་ཅིབ་ཀྱི་སྙུང་གཟུགས་བང་སོ་ལྟ་བུའི་ཧང་སང་བའི་གསང་བ་ཁ་གྲངས་མི་ལོན་པ་རེ་ད་ལྟའང་རྗེས་དཔག་དཔྱོད་པའི་ཡུལ་དུ་བསྐྱུར་ཏེ་ཡོད་པ་རེད།
འོན་ཀྱང་། ཡ་ཐོག་དང་པོ་ནས་བརྩིས་ན་སྲིད་པ་གསང་བའི་རྒྱ་མཚོ་ལའང་ཉི་ཐན་དང་རླུང་ཐན་གྱིས་གཙེས་པར་ཚད་བཟུང་མེད་པས། རིང་མིན་བསྐམ་ཞིང་འཐག་པར་མི་འགྱུར་བའི་ལུང་བསྟན་ནི་སུས་ཀྱང་བརྒྱབ་ཏུ་མ་ཡོད།
ཡང་ཚན་རིག་པ་ཁོ་ཚོས། གསང་བའི་གཞི་གྲུབ་ཆེན་པོ་འདིའི་མཐོང་ལ་མི་ཚོར་བ་རེ་རེར་དགོས་དབང་གིས་མིང་རེ་བཏགས་ཤིང་སྐབས་ཐོབ་ཀྱིས་འགྲེལ་རེ་བསྐྱོན་ཡོད། ལྟོས་བཅས་ཀྱི་དབྱེ་བ་བཀར་ཞིང་དང་དུས་ཐུང་གི་སྡེ་ཚན་བསྒྲིགས་པ་སོགས་ཀྱི་སྦྱོར་བ་འདྲ་མིན་བརྩམས་པ་ལས། འཇིག་རྟེན་གཞན་ནམ་གོ་ལ་གཞན་ནམ་སྲིད་པ་གཞན་སོགས་སུ་མི་དང་འདྲ་པོ་ཡོད་པའམ་མི་དང་ཏོག་ཙམ་མི་འདྲ་བའི་སྲོག་ཆགས་ཤིག་ཕལ་ཆེར་ཡོད་ལས་ཆེ་ཞེས་སྐད་ཆ་དང་ཆ་འཇོག་ཐོ་རེ་བ་ཙམ་བྱས་ཡོད་པ་རེད།
དེ་ཡི་མིང་འདོགས་ལ་ནི་བོད་འགྱུར་ཕལ་ཆེར་ལ་“འཇིག་རྟེན་གཞན་གྱི་མི་”ཞེས་བཏགས་ཡོད་པས་འདིར་ཡང་དེ་དང་བསྟུན་ཏེ་སྨྲ།
རེབ་གོང་རྡོ་རྗེ་མཁར་ལགས་ཀྱིས་བྲིས་པའི༼བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས༽ཞེས་པ་རུ། གདོད་མིའི་བོད་ཀྱི་“ལྷ་”ཞེས་པ་ནི་དེང་སང་གི་“འཇིག་རྟེན་གཞན་གྱི་མི་”ཞེས་པ་ཡིན་ཚུལ་ནན་གྱིས་བསྒྲུབས་ཤིང་། ད་ཡན་ཆོད་གསལ་ཁ་མ་ཆོད་པའི་སྲིད་པའི་གསང་བ་སྟོན་པའི་དཔེ་དེབ་ཁ་ཚང་ནི་རང་གི་རྒྱབ་རྟེན་དུ་བརྩིས་ཏེ་ཡོད་མོད།
ཁོང་གིས་ནམ་ཞིག་དེ་དང་ལྡོག་ཕྱོགས་ཀྱི་བསམ་གཞིག་ཅིག་གཏོང་སྲིད་པ་ཡིན་ན། ད་ཡན་ཆོད་བདེན་ངོ་འཕྲོད་ཟིན་པའི་སྲིད་པའི་གསང་བ་སྟོན་པའི་དཔེ་དེབ་ཀྱང་དེ་དང་གྲངས་ཚད་མཉམ་པ་ཞིག་འདྲེན་རྒྱུ་ཡོད་པ་མི་དགོངས་ག་ལ་སྲིད།
བརྟགས་ཤིང་གཞིག་ན། གདོད་མའི་བོད་ཀྱི་“ལྷ་”དེ་ནི་ཡ་མེད་དོ་མེད་ཀྱི་མཐུ་སྟོབས་ཅན་ཞིག་སྟེ། མི་ལས་ལྷ་མཛངས་པ་དང་མི་ལས་ལྷ་མཁས་པ་དང་མི་ལས་ལྷ་དེས་པ་ཞིག་སྟེ། ནམ་ནམ་ཞར་ཞར་མི་རྣམས་ལྷ་ཡི་གདུལ་བྱར་འགྲོ་འོས་པ་ཞིག་ལས་ལྷ་རྣམས་མི་ཡི་སློབ་ཕྲུག་ཏུ་དཔེ་མི་སྲིད་པ་ཞིག་རེད་མོད།
ཚན་རིག་པ་སོགས་ཀྱིས་བཞེད་པའི་“འཇིག་རྟེན་གཞན་གྱི་མི་”དེ་ནི་ནུས་པ་དང་གྱད་རྩལ་ཆེ་ཙམ་ཡོད་པ་མ་གཏོགས། ངེད་ཅག་དང་འགྲོ་འཆག་ཉལ་འདུག་བསྲེས་ཏེ་ཕྱིན་པ་ཡིན་ན། དེ་ཚོའི་སྲོག་མིག་ཡོད་ས་ང་ཚོས་ཕལ་ཆེར་རྙེད་ལོས་འགྲོ་ལྟ་བུ་སྟེ། ཤེས་རབ་སྣ་གཉིས་ལུ་གུ་རྒྱུད་དུ་འགྲན་པའི་གོ་རིམ་དུ། ཁོ་ཚོས་ང་ཚོ་ལྔ་ལམ་དུ་འཇུག་པའི་སྐབས་ནི་ཅིས་ཀྱང་ཡོད་ངེས་མོད། ང་ཚོས་ཁོ་ཚོ་ཐལ་ནང་དུ་གནོན་པའི་དུས་ཀྱང་གཏན་མེད་པ་ཞིག་མིན་པ་འདྲ།
དེ་ལྟར་འཇམ་རྩུབ་ཀྱི་དམག་འགྱེད་རིང་དུ་བྱས་ཚེ་ཁོ་ཚོ་ལའང་ཐང་ཆད་རྒྱུ་དང་མགོ་འཐོམ་རྒྱུ་དང་ཡི་མུག་རྒྱུ་སོགས་ངེས་པར་དུ་ཡོང་སྲིད་པ་འདྲ། ཕར་བསད་ཚུར་རྨས་ཀྱི་ཨ་མཐའ་ཡང་མཐའ་ཞིག་ལ་“འཇིག་རྟེན་གཞན་གྱི་མི་”དེ་དག་“འཇིག་རྟེན་འདིའི་མི་”ངེད་ཅག་གིས་རྩ་བ་ནས་གཞོམ་ཐུབ་ནའང་ཁྲིགས་ཁྲིགས་མེད་པ་ལྟ་བུ་ཞིག་རེད།
དེའང་འགྲིག་སྟེ། རྟེན་སའི་གནས་ཙམ་མི་འདྲ་བའི་ཧེ་བག་གིས། བརྟེན་པ་མི་ལ་སངས་རྒྱས་དང་སོ་སྐྱེས་ལྟ་བུའི་ཁྱད་པར་ཞིག་གཞར་ཡང་འཆོར་དོན་མེད་པས་སོ། །
རེབ་གོང་རྡོ་རྗེ་མཁར་ལགས་ལ་ཁ་མཚར་རམ་སྙིང་གཏམ་འདི་ཙམ་ལས་ཞུ་རྒྱུ་མ་ཡོད་དེ། སྤྱིར་ཁོང་གི་“ལྷ་”ཡི་བཤད་པ་དེ་ལ་གསར་བཤད་སོགས་ཀྱི་ཆ་ངེས་ཅན་ལྡན་པས་བསྟོད་པར་རུང་མོད། འབྲི་ཞོར་བསུབས་ཞོར་ལྟ་བུའི་ངོས་ཤིག་ཀྱང་ཡོད་སྣང་སྐྱེ་བས་འཕྲོས་དོན་དུ་ཤུད་ཙམ་བྱས་པ་ཡིན་ནོ། །
དེས་ན། རགས་པའི་དབང་དུ། “ལྷ་”ཞེས་པ་འདིར་མི་ལ་སྐྱེས་ཐོབ་ཏུ་གྲུབ་པའམ་སྒྱུ་རྩལ་པ་དང་སྙན་ངག་པ་སོགས་ཀྱི་བསམ་བློའི་“ལྡེའུ་”ཡིན་པའི་གོ་དོན་ཞིག་དང་། “འཇིག་རྟེན་གཞན་གྱི་མི་”སོགས་ལ་བཙན་གྱིས་འགྲེལ་བའི་བཤད་སྟངས་གསར་བ་ཞིག་དང་། “ལྷ”་ནི་གཟུགས་ཅན་ནོ། ། བླ་ཅན་ནོ། ། དགའ་སྡུག་གི་འདུ་བྱེད་ཅན་ནོ་ལྟ་བུའི་མོས་པ་ཁྱད་པར་ཅན་གྱི་རིགས་ཤིག་སྟེ། བློ་ཁྱད་དང་ངོས་འཛིན་མི་འདྲ་བའི་ཤེས་པའི་འཆར་ཆ་གསུམ་དུ་དགར་ཆོག་པ་ཞིག་གོ། །
དེ་ལས། དང་པོ་སྙན་ངག་པ་སོགས་ཀྱི་བསམ་བློའི་“ལྡེའུ་”ཡིན་པའི་སྒྲ་དོན་ནི་བསྐལ་པའི་བར་དུ་གནས་སྲིད་པར་འདོད་ཅིང་། བར་མ་“འཇིག་རྟེན་གཞན་གྱི་མི”་སོགས་ལ་འགྲེལ་བའི་བཤད་སྟངས་དེར་ནི་ཁུངས་ལྡན་གྱི་དག་པ་ཨེ་འབྱུང་ད་དུང་ཤོད་དུ་མེད་པ་དང་། མཐའ་མ་མོས་པ་ཁྱད་པར་ཅན་གྱི་ངོས་འཛིན་དེ་ནི། བདག་ལྟར་ན། ཤེས་རིག་དར་ཞིང་འཕེལ་བའི་དྲག་རླབས་དང་བསྟུན་ཏེ་ཕལ་ཆེར་མི་སྣང་བར་འགྱུར་ཏེ། ཡ་ལ་ཡུན་གྱི་སྙན་ངག་པ་སོགས་ཀྱི་བསམ་བློའི་“ལྡེའུ་”དང་དབྱེར་མེད་གཅིག་འདྲེས་སུ་འཐིམ་དགོས་པར་འདོད་དོ། །
                                                                                                                                        ༢༠༡༡ ༠༡ ༢༩

བརྗེད་དུ་མེད་པའི་ཁྱོད། ཡིད་འགྱུར་ལྷུག་རྩོམ།

ཁྱོད་ཉིད་ད་ལྟ་འཁོར་བའི་གཏིང་རིང་གཏིང་རིང་ཞིག་ན་ཡོད་དམ། འཇིག་རྟེན་ལ་བྲོ་བ་མེད་ཅིང་བྱས་བྱས་ལ་གཏད་སོ་བྲལ་བའི་ཞེད་སྣང་རེ་ཡང་འོང་ངམ།
མིན། ཁྱོད་ཀྱིས་དེ་ལྟར་ཁས་ལེན་མི་སྲིད། མ་མཐའ་ཡང་ཁྱོད་ཀྱིས་ང་ལ་དེ་ལྟར་ཁས་ལེན་མི་སྲིད། དོན་དུ་འཇིག་རྟེན་ལ་བྲོ་བ་མེད་པའང་མིན་ཏེ། འདི་ནས་ཕྱིར་ལ་བརྩིས་པའི་མི་ལོ་བདུན་གྱི་ཡར་སྔོན་དུ་ཁྱོད་ལའང་སྐར་འོད་བཞིན་དྭངས་པའི་སེམས་རྒྱུ་གཙང་མ་ཞིག་ཡོད་མྱོང་བ་རེད།
དེ་ནི་ཁྱོད་ཀྱིས་མི་ཡུལ་འདི་ནས་ངོམ་ཆོག་ཆོག་གི་དུས་སྐབས་ཏེ་ན་ཆུང་བའི་ལོ་ཟླ་ཁོ་ན་རེད། རླབས་ཆེན་གྱི་ལོ་ཟླ་དེ་ནི་ཁྱོད་ཀྱིས་སུ་ཞིག་དང་མཉམ་དུ་བསྐྱལ་བ་ཡིན། དྲི་ཡིས་མ་གོས་པའི་ལང་ཚོ་དེ་ཡང་ཁྱོད་ཀྱིས་སུ་ཞིག་ལ་ཕངས་མེད་བསྟབས་པ་ཡིན།
ལྷད་མེད་བཅོས་མེད་ཀྱི་སྐྱིད་སྣང་དེའི་ཕྱེད་ཀ་དོན་དམ་པར་སུའི་ཡིན།
མཚམས་འདིར་ཁྱོད་གློ་བུར་དུ་མི་ཞིག་ལ་སྡང་བ་ཡིན། ཆགས་པ་ཡིན། དགའ་བ་ཡིན། དེའང་མཐར་གཏུགས་ན་དྲན་པ་ཡིན། དེ་ནི་ཁྱོད་ཀྱི་བྱིས་དུས་ཀྱི་མཛའ་བོ་སྟེ། དེ་ནི་ང་རེད།
དེ་དང་དེ་སོགས་ཐོག་མའི་བརྩེ་དུང་གི་ཟུག་བག་དང་། བར་གྱི་མཉམ་འགྲོགས་ཀྱི་མཛའ་ཞེན། མཐའ་མའི་གྱེས་བྲལ་གྱི་ངུ་སྔངས་སོགས་ནི་ཇི་འདྲའི་བརྗེད་དུ་དཀའ་བ་ཞིག་ཡིན་ཨང་།
ཡང་ཟོལ་དག་གཡའ་དག་གི་ཐོག་མའི་བརྩེ་དུང་དེ་ཉིད་རི་མོ་ཞིག་ཡིན་ཚེ། ཚོན་མདངས་ཁྱོད་ཡིན་ན་པིར་སྨྱུག་ང་ཡིན་དགོས།
ཡང་དེ་ཉིད་སྙན་ངག་ཅིག་ཡིན་ཚེ། ང་ཚིག་སྦྱོར་ཡིན་ན་ཁྱོད་བརྗོད་བྱ་ཡིན་དགོས།
ང་ལ་ཚང་རྩིས་བྱེད་ན་ཐོག་མར་ཁྱོད་ནས་མགོ་འཛུགས་དགོས་ཤིང་། ཁྱོད་ལ་གདེང་འཇོག་བྱེད་ན་ཡང་མཐའ་མར་ང་ལ་ཁུངས་གཏུག་དགོས།
ང་བླངས་པའི་ཁྱོད་ཀྱི་རྣམ་ཐར་ནི་མགོ་མེད་མཇུག་རྡུམ་དུ་སོང་ཡོད་ལ། ཁྱོད་བསྐྱུར་པའི་ཁོ་བོའི་ལོ་རྒྱུས་ཀྱང་ཆ་ཀ་ཡ་སྡེབ་ཏུ་འགྱུར་འགྲོ་བ་རེད།
དེ་བས་ང་མེད་ན་ཁྱོད་མི་འགྲུབ་ཅིང། ཁྱོད་མེད་ན་ང་ཡང་ཚང་བ་མིན།
ཀྱེ་མ། འདི་ལྟར་བསམ་མི་ཕོད། འདི་ལྟར་དངོས་གནས་བསམ་མི་ཕོད་ལགས།
དེ་བས་ཁྱོད་ཀྱིས་“ང་ཁྱོད་ལ་གཏན་ནས་དགའ་མྱོང་”ཞེས་ཨུ་ཚུགས་བྱེད་འདོད་དམ། ངས་ཀྱང་དེ་ལྟར་སྨྲས་ན་བསམ། ཡིན་ནའང་། ཁྱོད་ཀྱིས་ང་ལ་“སྙིང་སྡུག་”ཅེས་བོས་མྱོང་ལ། ངས་ཀྱང་ཁྱོད་ལ་“ཚེ་སྲོག་”ཅེས་གཅེས་མྱོང་།
དེ་ནི་བཅོས་མའི་འུད་ཤོབ་ཅིག་ཡིན་དུ་ཆུགས།
དེས་ན། རི་ཆུ་ཁྲི་སྟོང་གོམ་ཐུང་གིས་བཅལ་ཏེ་ང་ཡིས་ཁྱོད་བཙལ་ཅིང་། དགུན་ཟླའི་གྲང་ངར་ན་ཟུག་གིས་བསྲན་ཏེ་ཁྱོད་ཀྱིས་ང་ལ་བསྒུགས་པའི་སེམས་བྱུང་དེ་ནི་ཅི་ཞིག་རེད།
སྙིང་སྡུག་ལགས། གསུང་རོགས་གནོངས་དང་།
ཁྱོད་ད་དུང་རང་ཉིད་ལ་དོགས་པ་ཟ་ན། རང་གི་གློ་སྙིང་ཧྲིལ་པོར་ཞིབ་ལྟ་ཐེངས་ཤིག་བྱོས་དང་། ཁྱོད་ང་ལ་དགའ་བ་ནི་ཁྱོད་ཁྱོད་ལ་དགའ་བ་ལས་ཀྱང་ལྡབ་འགྱུར་གྱིས་མང་འདུག་པ་ཡིན།
ཧ་ཅང་དྲང་བོར་བཤད་ན། དབང་ཐོབ་དང་འབྱོར་ཚོགས་མ་བཤད་དང་། གློ་ཁུག་ནང་དུ་དངུལ་རྡོག་འགའ་ཡང་མེད་པའི་འབྲོག་ཕྲུག་ཕལ་བ་ཞིག་གི་ཕྱིར་དུ། ཁྱོད་ཀྱིས་ཡོད་ཚད་དོར་ཅིང་ཡོད་ཚད་ཕུལ་སོང་བ་དེས། ཁྱོད་རང་སུ་ལ་དགའ་བ་ཀྲིག་ཅར་གསལ་ཞིང་དེས་འགྲོ་བ་མིའི་རིགས་ཀྱིས་མཐའ་གཅིག་ཏུ་འགངས་ཆེན་དུ་བརྩི་བའི་ཕོ་མོའི་བརྩེ་དུང་ཞེས་པའང་ཡོངས་སུ་མཚོན་ཐུབ་པ་ཡིན།
གལ་ཏེ་ཁྱོད་ཀྱིས་དྲན་གདུང་གི་རྨི་ལམ་འདི་ཉིད་སུ་ཞིག་དང་གླེང་སློང་བྱས་ཚེ། སེམས་ཁམས་གཉིས་ཡིན་ལ། དོན་དག་ཀྱང་གཉིས་ཡིན་པས། གཞན་དགོད་དུས་ཁྱོད་ངུ་དགོས་ལ། གཞན་ངུ་དུས་ཁྱོད་དགོད་དགོས་པའི་བར་ཐག་ཅིག་ངང་གིས་ལྷག་ཡོད་ཅིང་།
ད་ལྟའམ་ཉིན་ཞིག་ངེད་རང་གཉིས་ལ་དེ་ལྟའི་སྐལ་བ་ཞིག་ལྡན་ཚེ། དགོད་པ་མཉམ་དགོད་དང་། ངུ་བ་མཉམ་ངུ། ཐ་ན་བྲང་ཁོག་གི་སྙིང་ཆུང་གཉིས་ཀྱང་མཉམ་དུ་འཕྱོ་བ་ཡིན་ན། གཞན་དག་ལྟ་ཅི་སྨོས།
ཡང་ན། ད་ལྟ་ཁྱོད་ཀྱིས་རང་གི་སེམས་ཁོང་གི་བསུབས་སུ་མེད་པའི་ཚེ་སྲོག་གི་མངོན་སྟངས་འདི་ཉིད་བདག་པོ་སུ་ཞིག་ལ་གསང་ཅི་ཐུབ་དང་སྦེད་ཅི་ནུས་བྱེད་དགོས་ཀྱང་སྲིད། ད་དུང་བཅོས་མའི་མཛའ་བརྩེ་གང་ཞིག་ལ་དབང་མེད་དུ་བདེན་ཁ་སྟེར་ཡང་སྲིད། ལན་རེར་དྭངས་བསིལ་ཆུ་མོའི་ཤག་སྒྲ་དང་འདྲ་བའི་འུ་གཉིས་ཀྱི་གཏམ་རྒྱུད་དེ་ཡིས་ཁྱོད་རང་གཉིད་ལས་སློང་ཡང་སྲིད། གང་དེ་སྐད་ཅིག་གློ་བུར་ལ་ཁྱོད་ཀྱི་མིག་ལམ་དུ་གསལ་གསལ་འཆར་ཞིང་། དེ་ཡི་ཟེར་འོད་ཕྲ་མོས་ཀྱང་བདག་པོ་སུ་ཞིག་ལ་ཐད་ཀར་ཕོག་ཐུག་གཏོང་ཡང་སྲིད།
དེ་དུས་ཁྱོད་ཀྱིས་ཁོ་ལ་ཕྱི་ཤུན་རང་གི་ཡིན་ཞིང་ནང་སྙིང་གཞན་གྱི་ཡིན་པའི་རྫུན་མང་པོ་བཤད་ཀྱང་སྲིད། སྐབས་དེར་བདེན་པའི་བུ་ཆུང་ཞིག་གིས་ཁྱོད་དང་ང་ཡི་བར་སྣང་ནས་རྒྱུ་འབྲས་ཀྱིས་ཁ་རྡུང་གཏོང་ཡང་སྲིད།
གང་ལྟར་བརྩེ་དུང་གི་དབང་གིས། ཡང་ན་བརྩེ་དུང་གི་ཆག་གྲུམ་གྱི་དབང་གིས། དུས་ད་ལྟ་ཡིན་ཡང་ངེད་གཉིས་ཀྱིས་རང་རང་ས་ན་རང་གི་བླ་སྲོག་ལ་ངོ་ལོག་བྱེད་ཀྱིན་ཡོད་ལ། གཞན་གྱི་བླ་སྲོག་ལ་རྡོག་རྫིས་གཏོང་བཞིན་ཡང་ཡོད།
ཡིན་ནའང་། ཁྱོད་ཀྱིས་སྐྱེ་བོ་ཕལ་བ་མང་མང་ལ་ཡོད་པའི་གཏན་ཚིགས་ཏེ། “ལོ་ན་གཞོན་དུས་བསམ་མ་ཤེས་པ་རེད་”ཅེས་བཤད་ཚེ། ཡོད་ཚད་ཀྱི་ཡོད་ཚད་ཞི་འཇགས་སུ་གཏང་ཆོག་ལ། ཁྱོད་ཁྱོད་ཡིན་ཞིང་ཁྱོད་ཁྱོད་མིན་པའི་དུས་སྐབས་སུ་ཡང་སླེབས་ཟིན་པས། དེ་ནི་སྐྱི་གཡའ་བའི་འཇིག་རྟེན་གཞན་ཞིག་རེད་ལ། མི་ཡི་སྤྱི་ཚོགས་འདིར་ཐོན་ལ་ཉེ་བའི་འཇིག་རྟེན་ཞིག་ཡིན་ཡང་སྲིད།
གང་ལྟར་ངས་ནི་ཐམས་ཅད་པོ་ཁས་ལེན་གྱིན་ཡོད། ཐེ་ཚོམ་མེད་པར་ཁྱོད་ལ་དགའ་བ་ཁས་ལེན་གྱིན་ཡོད། དགའ་བའི་དབང་གིས་ཁྱོད་དང་བྲལ་བ་ཁས་ལེན་གྱིན་ཡོད། བྲལ་བའི་དབང་གིས་སླར་ཡང་དྲན་པའང་ཁས་ལེན་གྱིན་ཡོད།

ཨོང་བ་ནི་སྐྱག་པ་རེད། དོན་བརྗོད་ལྷུག་རྩོམ་མམ་མཚན་ཉིད་ལྷུག་རྩོམ།

ང་རང་ལོ་བཅོ་བརྒྱད་ཡིན་པའི་སྟོན་མཇུག་གི་ཉིན་ཞིག་མི་འགའ་དང་ལྷན་དུ་བསང་འཕུད་ས་ཞིག་ཏུ་སོང་། འཆར་ཅན་ལྟར་ང་ཚོས་ལག་པ་གཙང་སང་ངེ་བ་ཞིག་བཀྲུ་ཚར་མདོག་གིས། ཤུག་པས་མིག་ཚ་བའི་ཚོད་ཅིག་བདུགས།
དེ་ལྟར་བྱེད་དོན་ནི། སྤྱིར་བཏང་གི་དྲན་སྟངས་ལྟར་བྱས་ན། བསང་འཕུད་པའི་གོ་རིམ་དེ་གཅིན་སྐྱག་སོགས་མི་གཙང་བའི་རིགས་ཀྱིས་ཤས་ཙམ་ཡང་སྦགས་མེད་པ་ཞིག་དགོས་པས་ཡིན། དེ་ལས་ལྡོག་ན་གློ་བུར་དུ་ཁ་སྣ་སོགས་གཅུས་ཏེ་སྨྱོ་བའམ་འཆི་བར་འགྱུར་ཟེར་བས་ཡིན།
མི་ཚོས། སྔོན་མ་ཆེ་གེ་མོའི་བསང་རྫས་དང་བསང་ཁྲི་མ་གཙང་བའི་དབང་གིས་ཆག་སྒོ་འདི་འདྲ་དང་དེ་འདྲ་བྱུང་ཚུལ་གསར་འགྱུར་ལས་ཀྱང་གསལ་བ་ཞིག་ཤོད་ཐུབ་ཀྱི་ཡོད། གཞན་སྨྲ་ཅི་དགོས། ཁོ་ཚོས་བསང་ཁྲི་དང་བསང་རྫས་ལ་ཁ་རླངས་ཕོག་ཏུ་མི་འཇུག་པའི་བཟོ་ལྟ་ཁོ་ནས་ཀྱང་ཁྱོད་ལ་༼གཙང་མ༽ཞེས་པ་ཇི་འདྲ་ཞིག་ཡིན་ར་འཕྲོད་པར་བྱེད།
ཉིན་དེར་ཡང་། ང་ཚོས་ཐུག་ན་མིན་ལ་མ་ཐུག་ནའང་མིན་པའི་ཕྱག་རྒྱ་སྣ་ཚོགས་བཀོལ་ནས་བསང་འཕུད་ཐབས་བྱས། མཚམས་ཤིག་ལ་གློ་བུར་དུ་རྣམ་རྟོག་ཟ་བའི་དྲི་མ་ཁ་བོ་ཞིག་ཐུལ་བྱུང་། བལྟས་པས། མ་གཞི་ང་ཚོས་དར་གྱིས་ལྕིབས་ཤིང་ཤེལ་གྱིས་བསུས་པའི་བསང་རྫས་ནི་ཞེ་ས་མེད་པར་ཞུས་ན་ཟོག་གི་སྐྱག་པའི་༼ཨོང་བ༽ནང་བླུགས་འདུག་པ་རེད།
འདི་ལ། ཁོ་ཚོར་དམིགས་བསལ་གྱི་རྣམ་འགྱུར་གང་མི་འདུག་མོད། ངའི་ག་ཤེད་དུ་ཅི་ཞིག་རིམ་པ་དགུ་རུ་གཡོས་ཏེ་ཁྱོན་ནས་ཚུགས་མི་ཐུབ་པ་བྱུང་། ཟོག་གིས་གང་བྱུང་བྱུང་དུ་བཏང་བའི་སྐྱག་པའམ་ཨོང་བ་དག་ང་ཚོས་གང་བྱུང་བྱུང་དུ་བསྒྲུགས་ཡོང་སྟེ་བསང་རྫས་དང་མཉམ་དུ་༼ལྷ༽ལ་ཕུད་ན་མི་སྨྱོ་ག་ལ་སྲིད།
སྐྱག་པའམ་ཨོང་བའི་ནང་བསང་རྫས་བླུགས་ནས་བསྲེགས་ཚུལ་ནི་ཉིན་དེའི་ཡན་ཆོད་ཀྱང་ངས་ཚར་ཚར་མཐོང་མྱོང་མོད། ༼སེམས་ཀྱིས་མ་རིག་ན་མིག་གིས་མི་མཐོང༽ཞེས་པ་ནི་འདི་འདྲ་རང་རེད།
ཨ་ཁ་ཁ། ཟོག་དེ་ཚོས་ལྷས་འདབས་ནས་ཐལ་སྤུངས་བར་གྱི་གང་ཞིག་ཟོས་མེད་དམ། སྐེ་རགས་ནས་གསང་དོར་ཚུན་ཆད་ཟ་བཞིན་པ་འབྲོག་མི་ཚང་མས་ཤེས། འོ་ན། ཡང་སྙིང་ང་ཚོའི་༼བསང༽ངམ་༼གཙང༽ཞེས་པ་ག་པར་ཡོད་དམ།
དུས་ཚོད་གང་ཙམ་ཞིག་གི་རྗེས། གོང་གི་དྲི་མ་དེའི་རྒྱུན་ཇེ་ཐུ་ཇེ་ཐུར་གྱུར་པས་ཁོ་ཚོས་ཀྱང་ག་རེ་ཡིན་ནམ་ཞེས་སྐད་ཤོར། ལོ་ཆུང་ཞིག་གིས་ཧང་སང་བའི་རྣམ་འགྱུར་གྱིས་༼སྐྱག་དྲི༽འདྲ་པོ་ཞིག་འདུག་ཟེར། སྐབས་འདིར། ཁོ་ཚོས་ཟོག་གིས་བཏང་བ་སྐྱག་པ་ཡིན་པའང་བརྗེད་ཡོད་པས་༼སྐྱག་དྲི༽ཞེས་པ་མིའི་བཙོག་པ་ཁོ་ནར་གོ་དགོས་ཚོད་རེད།
ལ་ལས་༼བསང་ནང་དུ་སྐྱག་པ་ཡོད་ཚེ་ང་ཚོ་ཅིས་ཀྱང་འཆི་ངེས༽ཡིན་ཟེར། འགའ་རེས་མྱུར་དུ་ཨ་ལགས་ཚང་ལ་ཞུ་རུ་འགྲོ་དགོས་པ་མིན་འགྲོ་ཟེར། ལ་ལ་ཞིག་བལྟས་བལྟས་རིག་རིག་ལ་ཁ་ངོ་སྐྱ་ཐག་གེར་གྱུར་སོང་།
འོན་ཏེ། ངའི་མགོ་གསེང་ཧྲིལ་པོ་སྒྲ་མེད་ཀྱི་གད་མོ་མང་པོས་ཁྱབ་ཅིང་སྒོ་དགུ་དག་ཏུ་ཨི་ཙི་ལུ་གུ་སྒོག་པ་བཞིན་སྡོད་བཟོད་མེད་པ་ཞིག་བྱུང་།
བདག་གིས་ཁོ་ཚོར། ཅིའི་ཕྱིར་ཟོག་དུད་འགྲོའི་སྐྱག་པའི་ནང་བསང་ཕུད་ན་མི་སྐྱོན་ཞིང་དལ་འབྱོར་ཚང་བ་མིའི་སྐྱག་པ་དེ་ཙམ་ངན་པར་བརྩི་དགོས་པ་རེད། ཟ་མ་གཡོ་སྐོལ་སོགས་གང་གི་ཆ་ནས་བརྟགས་ཀྱང་མིའི་སྐྱག་པ་ནི་ཟོག་གི་དེ་ལས་གཙང་བ་སུས་མི་ཤེས། ཟོག་ནི། མིའི་གཅིན་སྐྱག་ཀྱང་གཏོགས་པའི་མཐོང་ཚད་ལ་སྣོམ་ཙམ་ལྡག་ཙམ་བྱེད་མཁན་རེད། ཡིན་ཙང་སྔ་ཕྱི་གཉིས་ཀྱི་གང་ཞིག་གཙང་ལབ་དཀའ་ཞིང་། ང་ཚོ་སྨྱོ་གི་མིན་ལ་ན་གི་ཡང་མིན། འཆི་དེ་བས་ཀྱང་མི་སྲིད་ཅེས་སྨྲས།
ངས་དེ་སྐད་ཟེར་བ་ནི། བསང་འཕུད་པ་སོགས་ལ་བརྟེན་ནས་དབུགས་དབྱུང་རྩ་བ་ནས་ཐོབ་རྒྱུ་མེད་ཅེས་པའི་དོན་མིན། སྤྲིན་པ་ཞོ་གསར་སྤུངས་འདྲ་ཞིག་གི་འོག་ཏུ་ལྷ་བསང་དར་སྔོན་འཕྱར་འདྲ་ཞིག་བཏང་ནའང་ལོངས་སྤྱོད་ཅིག་ཅི་ལ་མིན། བདག་གིས་ད་ཚོད་ཡིན་ཡང་དེ་འདྲའི་རྨི་ལམ་སྐྱིད་མདོག་ཁ་པོ་གཏོང་བཞིན་ཡོད། ལར་གཙང་བཙོག་གིས་བསྐྱེད་པའི་འཇིགས་སྣང་དང་བག་ཚ་བ་སོགས་ཀྱིས་མ་སྦགས་པའི་འཆར་ཅན་གྱི་༼ཡུལ་སྲོལ་གོམས་གཤིས༽ནི་ཡག་པོ་ཡོད་རེད།                                                                                                                                                                                                                                                                                                                                                                                                                                 སེང་རྡོར་གྱི་སྐད་འཕྲིན་ཨང་གྲངས(微信号)།  SD18697172162

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲི་ཐབས་མི་འདྲ་བས་བྲིས་པའི་ལྷུག་རྩོམ་ཁག་ཅིག

2015-01-10 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།