ཤགས།

 

 ༈ དགྲ་ལྷའི་དར་ནག
__ དྲ་འབུ་འགར་སྐད་བཏང་བ།

དགག་པ་རིལ་མ་འདྲ་རེ་བྱས་ཏེ།།
འཕྲིན་སྟེགས་མཐེ་བོང་འདྲ་རེར་བཀོད་ནས།།
ཡིག་ནོར་སྲན་ཚག་ལྟར་དུ་བསྐོལ་ན།།
ཁ་སྣ་ལག་པས་བཀབ་ནས་དགོད་འདོད།།
ང་ནི་སྤོབས་པའི་ཆུ་སྤྲིན་འཁོལ་གྱིན།།
ཉི་ཟླ་ཁམ་དུ་ཟ་ནུས་འདི་རེད།།
ཤིག་དང་གྲོག་མ་ལྗི་བ་བསྡེབས་པའི།།
རྒོལ་འདོད་སྟངས་ཀ་མཐོང་ན་ཡི་མུག །
རྟུལ་ཕོད་བྲིས་ནས་ལོ་ངོ་བཅུ་རེད།།
མི་ཞིག་ཡིན་ན་གཉེན་སྒྲིག་བྱར་ཉེ།།
དེ་ཡི་རིང་ལ་ཁྱེད་ཚོ་བསྒྲིགས་ནས།།
དགག་པ་མ་བྲིས་བསམ་པ་མེད་མོད།།
འདི་རང་ཆོག་པ་སྙམ་ཞིག་ཕར་ཟད།།
ཀློག་ས་འགྲོ་བ་ཞིག་ཀྱང་མ་བྱུང་།།
དོན་གྱི་ལན་ཞིག་ཕ་རིའི་ལ་རེད།།
ཁ་སྟབས་ཙམ་ཡང་འོབ་འཐབ་སུས་བྱས།།
འདང་ཞིག་རྒྱོབ་དང་ཁྱེད་ཚོ་ཁྱེད་ཚོར།།
ཡིད་ནག་གཏིང་ནས་ཆད་འགྲོ་ཁོ་ཐག །
བསྡད་ན་ལྕེབ་འདོད་སྐྱེ་སྲིད་གཟབ་འཚལ།།
དེང་ཡང་རྩྭ་མདའ་རྩྭ་གཞུ་བཀང་ནས།།
གྱང་ཕག་བརྒྱུད་ནས་འཇབ་མཁན་ཡོད་མོད།།
འཚབ་ནས་སྣ་ཁུང་གཉིས་ཀ་སྦོས་འདུག །
སྐྲག་ནས་ཁ་ཡང་སྔོན་པོ་ཆགས་འདུག །
ང་ནི་འཛམ་གླིང་ཉི་མ་བཞིན་དུ།།
གཅིག་པུར་ཤར་ནས་གཅིག་པུར་བཞུད་འདོད།།
སྐར་ངན་བྱེ་བ་འཇོམས་ལ་ཚེགས་མེད།།
མུན་པའི་འོབས་རིང་སྐྲོད་ལ་མཐུ་རྫོགས།།
དཔའ་བོ་ཡིན་ན་གཅིག་པུར་རྒྱུགས་དང་།།
སྡར་མའི་ཁ་ཤ་སྤུངས་ནས་ཅི་བྱེད།།
གཅིག་ཟུར་གཅིག་གིས་སྐྱོར་བ་ཁྱེད་ཅག །
ནད་པ་ཡིན་ནམ་གཞན་བརྟེན་ཞ་བོ།།
ཡང་ན་ཞ་རས་ཞ་ར་འཁྲིད་དམ།།
དགྲ་ལྷའི་དར་ནག་ད་དུང་ངའི་ལག །
ཆར་སྤྲིན་སྔོན་པོའི་ཚུལ་གྱིས་སྐྱོད་དོ།།

༈ སེམས་སྐྱེད་ཕྲན་བུ།
____ དུས་གསུམ་གྱི་སྐྱེས་པ་དབུལ་ཤོས་དག་གི་ཚབ་བྱས་ནས་ཁོ་ཚོའི་ཆུང་མ་རྣམས་ལ་དགོངས་དག་ཞུ་བ་དང་ཁོ་མོ་རྣམས་ཀྱི་ཆེད་དུ་སེམས་སྐྱེད་པ།

ཧྥན་པིན་པིན(范冰冰)དཀར་དམར་མ་བྱུགས་ན།།
ཁྱོའི་རོགས་ལོའི་ཡག་ཅིག་ཡིན་ཟེར་དཀའ།།
པར་མེའུ་ཐོའུ(美图)ནང་ནས་མ་བཅོས་ན།།
ངོ་ལྷ་མོ་འདྲ་བ་ཉུང་ལེ་གདའ།།
དེ་ཡིན་ཡང་བཅོས་བཅོས་འཁྲབ་འཁྲབ་ཅིག །
བྱས་མ་བཞག་ཟེར་ན་ཞི་ལི་རྣམས།།
སེམས་བརྟན་པོ་ཡོང་རྒྱུ་མི་སྲིད་པས།།
འཇིག་རྟེན་གྱི་ཞི་མོ་ཕལ་ཆེར་གྱིས།།
ནམ་ཡར་ལངས་ས་རྩ་མར་རུབས་བར།།
མིག་རྫི་མ་བཟོ་ཞིང་མཆུ་སྒྲོས་སྒྱུར།།
ལྭ་སྲབ་དོག་གྱོན་རྐྱང་སྡུག་པོ་མྱོང་།།
བདུན་ཕྲག་རེར་མེའུ་རོང(美容)གཉིས་གསུམ་བྱེད།།
དྲི་ཞིམ་པོ་གོང་ཁ་ཕུ་སྣེར་སྐུད།།
དྲིའི་ཞིམ་ལོད་བརྗེད་ཐལ་མ་ཟེར་ལགས།།
དཔྱི་ལྟེ་བའི་མཚམས་སུ་སྟོང་སྐུད་ཀྱི།།
རྐྱ་དམར་པོ་ཉག་གཅིག་བཅིང་སོགས་བྱེད།།
སྒོར་ཡོད་ཚད་བིང་ཧྥིའུ་ཇིན(王府井)ནང་སྐྱེལ།།
དེ་ཐམས་ཅད་སྐྱེས་པའི་ཆེད་དུ་སྟེ།།
ཡག་མེད་ན་ཆུང་མ་མི་དགོས་ཤིང་།།
ཡག་བཏོད་སྤྱད་སྒོར་མོ་མི་གཏོང་བའི།།
ཕོ་དེ་འདྲ་ཁྱི་རྒན་མ་རེད་དམ།།
ཁྱོད་སྤྲུལ་བ་བྱེ་བ་ཕྲག་བརྒྱ་ཡིས།།
ངེད་སྐྱེས་པའི་བྱིས་པར་རྩེ་མོ་རྩེ།།
མཚན་མུན་པའི་ཁྲོད་དུ་རྣ་སྒོ་ལ།།
འོ་ཚ་པོ་སྐྱེལ་ཞིང་ཤབ་ཤུབ་སྨྲ།།
མིག་ཟུམ་བུས་ལྟ་ཞིང་ཕྱེད་བཙུམ་ལྟ།།
ཁ་རན་ཙམ་གདང་ལ་ལྕེ་ཡི་ནི།།
ཆེས་ཆུང་བའི་ཆ་ཤས་ཙམ་རེ་སྟོན།།
སྨན་བུ་མོ་རྣམས་ལ་ཕྱག་འཚལ་ལོ།།
ངེད་སྐྱེས་པར་ཁྱོད་ཅག་མེད་ཟེར་ན།།
སྨྱོ་ཨེ་ཡོང་མི་ཡོང་འདང་རྒྱག་མེད།།
དྲིན་ཆེ་མོད་ངེད་ཅག་བུ་སྡུག་ཚོར།།
ལག་སྒོར་མོ་ཉུང་ཞིང་གྲིམ་པོ་མིན།།
རོགས་དགའ་ལོའི་སྐེ་ལ་གསེར་དཀར་དང་།།
མོ་རང་རང་དགའ་སའི་ངོ་འཕུར་དང་།།
ཆེས་མེད་ཐབས་མེད་པའི་གཙང་ཤོག་ཀྱང་།།
ཉོ་ཐུབ་དུས་དང་ནི་མི་ཐུབ་དུས།།
གཉིས་ཡོད་ཤག་ལྷག་ཏུ་མི་ཐུབ་དུས།།
མང་སྲིད་པར་འདང་བརྒྱབ་ཞེ་གཅིག་སྐྱོ།།
ངའི་རྣམ་ཤེས་ཡང་ཡང་སྐྱེ་སྲིད་ན།།
སྐྱིད་རིག་མྱོང་མེད་པའི་བུད་མེད་ཚོའི།།
མཛའ་བོ་དང་ཁྱོ་ག་ཆགས་བྱས་ཏེ།།
ཁྱོད་ཅོ་ཐོགས་ཀུན་ལ་དགོས་དགོས་ཀུན།།
ཐབས་སྣ་ཚོགས་བརྒྱུད་ནས་ཅིར་མི་སྟེར།།
དུས་རབས་ནི་ཕྱིར་ལ་བསྣུར་ཆོག་ན།།
ངས་ས་འཛིན་མ་བཅས་ཆུང་མར་ལེན།།
སངས་རྒྱས་སོགས་ཆད་ཚད་གསབ་པར་བྱེད།།
ང་དུམ་བུ་སྟོང་དུ་གསིལ་བྱས་ཀྱང་།།
སོ་ཚིས་ཀྱི་བྱ་བ་བགྱི་ནུས་ལ།།
དངུལ་ལོར་ནི་ཆར་ལྟར་འབབ་སྲིད་ན།།
དུས་གསུམ་གྱི་སྐྱེས་པ་དབུལ་པོ་ཡི།།
ཆུང་མ་དག་བདེ་སྐྱིད་དཔལ་འགོད་འདོད།།
༢༠༡༥ ༧ ༡༢ སེང་རྡོར་གྱིས་གོ་བདེའི་ལུགས་སུ་བྲིས།

༈ ཁ་མཚར།

རི་ཆུ་ཤིང་དྲུང"ཧ་ཡེ""ཧོ་ཡེ"ཞེས།།
དྲག་རྩལ་སྦྱངས་ཤིང་གནམ་འོག་འདུལ་ཟེར་བའི།།
གནའ་བོའི་མི་དག་འཕུར་ལྡིང་སྣ་ཚོགས་ཤེས།།
རོལ་དུ་རླུང་འཁྲིད་ལག་ཏུ་མེ་ཡང་སྤྲུལ།།
སྒྲོབ་ཉམས་ཆེ་བ་བདེན་མོད་ད་ལྟར་ནི།།
ཕོ་ལ་རྒོད་ཞན་ལྟ་ལུགས་དེ་ཙམ་མིན།།
དཔེར་ན་སང་ཉིན་ཡང་ན་གནངས་ཉིན་འདིར།།
ཏོང་ཧྥང་པོའུ་པེ(东方不败)སྟོང་ཕྲག་གཅིག་ལྷག་གིས།།
དར་ཐག་དཀར་དམར་བྲན་ནས་ཡོང་ན་ཡང་།།
ཁྲིན་ལུང་གཅིག་པུས་ཧ་ཅང་དལ་པོའི་ངང་།།
འགད་རྫས་ཁེར་ཞིག་འཕང་དུས་ཚར་བ་རེད།།
ཅེས་ཁ་མཚར་ཞིག་གི་ཚབ་ཏུ་སེང་རྡོར་གྱིས་ཕུལ།

༈ གཞོན་ནུ་དག་ལ་ངར་བསླངས་པའི་འབེལ་གཏམ་ལམ་ནག་འདྲེ་སྐད་ཅེས་བྱ་བ་བཞུགས་སོ།།

ང་ནི་ཉམས་མྱོང་རྒན་པོ་ལས།།
ད་དུང་ཅང་ཤེས་གཞོན་ནུར་དགའ།།
སྔ་མ་ཇི་འདྲ་བཟང་ན་ཡང་།།
དུམ་པ་བརྒྱ་ཕྲག་བློར་ཡོད་ཙམ།།
རྒན་པོ་མེད་ཀྱང་ཁོ་ཡིས་ནི།།
ཤེས་ཚད་སྤྱིར་བཏང་ཡིག་ལམ་གསལ།།
བོར་དོགས་ཆེར་མེད་སྔ་འཕྱི་ལས།།
ཐོས་པ་གསོག་རྣམས་བགས་ཀྱིས་འབྱུང་།།
འོན་ཀྱང་ཅང་ཤེས་གཞོན་ནུ་སྐད།།
དེ་དང་འདྲ་བ་མ་ལགས་སོ།།
ས་དང་འདྲ་བ་མ་ལགས་སོ།།
རྡོ་དང་འདྲ་བ་མ་ལགས་སོ།།
གང་དང་འདྲ་བ་མ་ལགས་སོ།།
འཇིག་རྟེན་མི་ཡི་གཏམ་དཔེ་ལ།།
དེ་རིང་ཐུག་པའི་མི་དག་ལ།།
དེ་རིང་ཕན་ཆད་དེ་རིང་བཞིན།།
ཐུག་རྒྱུ་མི་སྲིད་གྲགས་པ་ལྟར།།
གཞོན་ནུ་ཅང་ཤེས་སྐད་ཅིག་གི །
གློག་འཁྱུག་སྐར་མདའ་ལྷུང་འདྲ་ལགས།།
རྭ་རྩེད་མ་བྱས་གཡག་གསར་མིན།།
ས་རྒོད་མ་བརྟོལ་ལྗང་མྱུག་མིན།།
ལང་ཚོས་ལམ་གཤགས་ལང་ཚོས་ནི།།
སྲ་མཁྲེགས་སྒོ་མོ་གཏོར་བྱེད་པའི།།
ཆོས་རྣམས་བློ་ཡུལ་འདས་པ་རྐྱང་།།
ཚད་ལས་བརྒལ་བའི་གཏམ་ཡང་བཤད།།
འོས་འཚམས་མིན་པའི་ལས་ཀྱང་བྱེད།།
གུ་ཡངས་གཏོང་དཀའི་ངང་ནས་ཡོང་།།
སེམས་ཅན་ཡིད་ཀྱི་རྒུ་རུ་ཡང་།།
མ་ཤར་ལྟད་མོ་ཡ་མཚན་སྟོན།།
མགོ་ནི་སྟོང་བ་ཡིན་པས་ན།།
བཞག་ཚད་ལས་སླར་ཆུད་ཀྱི་ཡོད།།
རང་ཚུགས་དེ་ཙམ་མེད་པས་ན།།
ལྟ་བ་གོས་བཞིན་བརྗེ་ཡང་སྲིད།།
ལུགས་མཐུན་ཡིན་མིན་སྤྱི་འགྲོས་ཀྱི།།
ལམ་གློག་དམར་ལྗང་ནན་ཏན་དུ།།
ཚུལ་ཁྲིམས་ནང་བཞིན་སྲུང་དགའ་བ།།
དེ་འདྲའི་གཞོན་ནུ་གཞོན་ནུ་རུ།།
མ་བསམ་ཁོ་ཅག་འདར་མ་འདུར།།
སྲོལ་ཡིག་འགའ་རེ་སྒྲོག་གིན་དུ།།
ལྟར་མི་བཟོད་པར་འཕྱེ་བ་ཡིན།།
འཕྱེ་བཞིན་འཕྱེ་བཞིན་འཆི་བ་ཡིན།།
ལང་ཚོ་གར་སོང་གང་དུ་ཡལ།།
འདང་བརྒྱབ་ཀྱེ་མ་སྙིང་ནས་ཁྲེལ།།
༢༠༡༥ ༧ ༡༣ སེང་རྡོར་གྱིས་ཐོལ་བྱུང་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤགས།

2015-12-11 སེང་རྡོར། ཀློག་གྲངས། མཆན ཡོད།

 

 ༈ དགྲ་ལྷའི་དར་ནག
__ དྲ་འབུ་འགར་སྐད་བཏང་བ།

དགག་པ་རིལ་མ་འདྲ་རེ་བྱས་ཏེ།།
འཕྲིན་སྟེགས་མཐེ་བོང་འདྲ་རེར་བཀོད་ནས།།
ཡིག་ནོར་སྲན་ཚག་ལྟར་དུ་བསྐོལ་ན།།
ཁ་སྣ་ལག་པས་བཀབ་ནས་དགོད་འདོད།།
ང་ནི་སྤོབས་པའི་ཆུ་སྤྲིན་འཁོལ་གྱིན།།
ཉི་ཟླ་ཁམ་དུ་ཟ་ནུས་འདི་རེད།།
ཤིག་དང་གྲོག་མ་ལྗི་བ་བསྡེབས་པའི།།
རྒོལ་འདོད་སྟངས་ཀ་མཐོང་ན་ཡི་མུག །
རྟུལ་ཕོད་བྲིས་ནས་ལོ་ངོ་བཅུ་རེད།།
མི་ཞིག་ཡིན་ན་གཉེན་སྒྲིག་བྱར་ཉེ།།
དེ་ཡི་རིང་ལ་ཁྱེད་ཚོ་བསྒྲིགས་ནས།།
དགག་པ་མ་བྲིས་བསམ་པ་མེད་མོད།།
འདི་རང་ཆོག་པ་སྙམ་ཞིག་ཕར་ཟད།།
ཀློག་ས་འགྲོ་བ་ཞིག་ཀྱང་མ་བྱུང་།།
དོན་གྱི་ལན་ཞིག་ཕ་རིའི་ལ་རེད།།
ཁ་སྟབས་ཙམ་ཡང་འོབ་འཐབ་སུས་བྱས།།
འདང་ཞིག་རྒྱོབ་དང་ཁྱེད་ཚོ་ཁྱེད་ཚོར།།
ཡིད་ནག་གཏིང་ནས་ཆད་འགྲོ་ཁོ་ཐག །
བསྡད་ན་ལྕེབ་འདོད་སྐྱེ་སྲིད་གཟབ་འཚལ།།
དེང་ཡང་རྩྭ་མདའ་རྩྭ་གཞུ་བཀང་ནས།།
གྱང་ཕག་བརྒྱུད་ནས་འཇབ་མཁན་ཡོད་མོད།།
འཚབ་ནས་སྣ་ཁུང་གཉིས་ཀ་སྦོས་འདུག །
སྐྲག་ནས་ཁ་ཡང་སྔོན་པོ་ཆགས་འདུག །
ང་ནི་འཛམ་གླིང་ཉི་མ་བཞིན་དུ།།
གཅིག་པུར་ཤར་ནས་གཅིག་པུར་བཞུད་འདོད།།
སྐར་ངན་བྱེ་བ་འཇོམས་ལ་ཚེགས་མེད།།
མུན་པའི་འོབས་རིང་སྐྲོད་ལ་མཐུ་རྫོགས།།
དཔའ་བོ་ཡིན་ན་གཅིག་པུར་རྒྱུགས་དང་།།
སྡར་མའི་ཁ་ཤ་སྤུངས་ནས་ཅི་བྱེད།།
གཅིག་ཟུར་གཅིག་གིས་སྐྱོར་བ་ཁྱེད་ཅག །
ནད་པ་ཡིན་ནམ་གཞན་བརྟེན་ཞ་བོ།།
ཡང་ན་ཞ་རས་ཞ་ར་འཁྲིད་དམ།།
དགྲ་ལྷའི་དར་ནག་ད་དུང་ངའི་ལག །
ཆར་སྤྲིན་སྔོན་པོའི་ཚུལ་གྱིས་སྐྱོད་དོ།།

༈ སེམས་སྐྱེད་ཕྲན་བུ།
____ དུས་གསུམ་གྱི་སྐྱེས་པ་དབུལ་ཤོས་དག་གི་ཚབ་བྱས་ནས་ཁོ་ཚོའི་ཆུང་མ་རྣམས་ལ་དགོངས་དག་ཞུ་བ་དང་ཁོ་མོ་རྣམས་ཀྱི་ཆེད་དུ་སེམས་སྐྱེད་པ།

ཧྥན་པིན་པིན(范冰冰)དཀར་དམར་མ་བྱུགས་ན།།
ཁྱོའི་རོགས་ལོའི་ཡག་ཅིག་ཡིན་ཟེར་དཀའ།།
པར་མེའུ་ཐོའུ(美图)ནང་ནས་མ་བཅོས་ན།།
ངོ་ལྷ་མོ་འདྲ་བ་ཉུང་ལེ་གདའ།།
དེ་ཡིན་ཡང་བཅོས་བཅོས་འཁྲབ་འཁྲབ་ཅིག །
བྱས་མ་བཞག་ཟེར་ན་ཞི་ལི་རྣམས།།
སེམས་བརྟན་པོ་ཡོང་རྒྱུ་མི་སྲིད་པས།།
འཇིག་རྟེན་གྱི་ཞི་མོ་ཕལ་ཆེར་གྱིས།།
ནམ་ཡར་ལངས་ས་རྩ་མར་རུབས་བར།།
མིག་རྫི་མ་བཟོ་ཞིང་མཆུ་སྒྲོས་སྒྱུར།།
ལྭ་སྲབ་དོག་གྱོན་རྐྱང་སྡུག་པོ་མྱོང་།།
བདུན་ཕྲག་རེར་མེའུ་རོང(美容)གཉིས་གསུམ་བྱེད།།
དྲི་ཞིམ་པོ་གོང་ཁ་ཕུ་སྣེར་སྐུད།།
དྲིའི་ཞིམ་ལོད་བརྗེད་ཐལ་མ་ཟེར་ལགས།།
དཔྱི་ལྟེ་བའི་མཚམས་སུ་སྟོང་སྐུད་ཀྱི།།
རྐྱ་དམར་པོ་ཉག་གཅིག་བཅིང་སོགས་བྱེད།།
སྒོར་ཡོད་ཚད་བིང་ཧྥིའུ་ཇིན(王府井)ནང་སྐྱེལ།།
དེ་ཐམས་ཅད་སྐྱེས་པའི་ཆེད་དུ་སྟེ།།
ཡག་མེད་ན་ཆུང་མ་མི་དགོས་ཤིང་།།
ཡག་བཏོད་སྤྱད་སྒོར་མོ་མི་གཏོང་བའི།།
ཕོ་དེ་འདྲ་ཁྱི་རྒན་མ་རེད་དམ།།
ཁྱོད་སྤྲུལ་བ་བྱེ་བ་ཕྲག་བརྒྱ་ཡིས།།
ངེད་སྐྱེས་པའི་བྱིས་པར་རྩེ་མོ་རྩེ།།
མཚན་མུན་པའི་ཁྲོད་དུ་རྣ་སྒོ་ལ།།
འོ་ཚ་པོ་སྐྱེལ་ཞིང་ཤབ་ཤུབ་སྨྲ།།
མིག་ཟུམ་བུས་ལྟ་ཞིང་ཕྱེད་བཙུམ་ལྟ།།
ཁ་རན་ཙམ་གདང་ལ་ལྕེ་ཡི་ནི།།
ཆེས་ཆུང་བའི་ཆ་ཤས་ཙམ་རེ་སྟོན།།
སྨན་བུ་མོ་རྣམས་ལ་ཕྱག་འཚལ་ལོ།།
ངེད་སྐྱེས་པར་ཁྱོད་ཅག་མེད་ཟེར་ན།།
སྨྱོ་ཨེ་ཡོང་མི་ཡོང་འདང་རྒྱག་མེད།།
དྲིན་ཆེ་མོད་ངེད་ཅག་བུ་སྡུག་ཚོར།།
ལག་སྒོར་མོ་ཉུང་ཞིང་གྲིམ་པོ་མིན།།
རོགས་དགའ་ལོའི་སྐེ་ལ་གསེར་དཀར་དང་།།
མོ་རང་རང་དགའ་སའི་ངོ་འཕུར་དང་།།
ཆེས་མེད་ཐབས་མེད་པའི་གཙང་ཤོག་ཀྱང་།།
ཉོ་ཐུབ་དུས་དང་ནི་མི་ཐུབ་དུས།།
གཉིས་ཡོད་ཤག་ལྷག་ཏུ་མི་ཐུབ་དུས།།
མང་སྲིད་པར་འདང་བརྒྱབ་ཞེ་གཅིག་སྐྱོ།།
ངའི་རྣམ་ཤེས་ཡང་ཡང་སྐྱེ་སྲིད་ན།།
སྐྱིད་རིག་མྱོང་མེད་པའི་བུད་མེད་ཚོའི།།
མཛའ་བོ་དང་ཁྱོ་ག་ཆགས་བྱས་ཏེ།།
ཁྱོད་ཅོ་ཐོགས་ཀུན་ལ་དགོས་དགོས་ཀུན།།
ཐབས་སྣ་ཚོགས་བརྒྱུད་ནས་ཅིར་མི་སྟེར།།
དུས་རབས་ནི་ཕྱིར་ལ་བསྣུར་ཆོག་ན།།
ངས་ས་འཛིན་མ་བཅས་ཆུང་མར་ལེན།།
སངས་རྒྱས་སོགས་ཆད་ཚད་གསབ་པར་བྱེད།།
ང་དུམ་བུ་སྟོང་དུ་གསིལ་བྱས་ཀྱང་།།
སོ་ཚིས་ཀྱི་བྱ་བ་བགྱི་ནུས་ལ།།
དངུལ་ལོར་ནི་ཆར་ལྟར་འབབ་སྲིད་ན།།
དུས་གསུམ་གྱི་སྐྱེས་པ་དབུལ་པོ་ཡི།།
ཆུང་མ་དག་བདེ་སྐྱིད་དཔལ་འགོད་འདོད།།
༢༠༡༥ ༧ ༡༢ སེང་རྡོར་གྱིས་གོ་བདེའི་ལུགས་སུ་བྲིས།

༈ ཁ་མཚར།

རི་ཆུ་ཤིང་དྲུང"ཧ་ཡེ""ཧོ་ཡེ"ཞེས།།
དྲག་རྩལ་སྦྱངས་ཤིང་གནམ་འོག་འདུལ་ཟེར་བའི།།
གནའ་བོའི་མི་དག་འཕུར་ལྡིང་སྣ་ཚོགས་ཤེས།།
རོལ་དུ་རླུང་འཁྲིད་ལག་ཏུ་མེ་ཡང་སྤྲུལ།།
སྒྲོབ་ཉམས་ཆེ་བ་བདེན་མོད་ད་ལྟར་ནི།།
ཕོ་ལ་རྒོད་ཞན་ལྟ་ལུགས་དེ་ཙམ་མིན།།
དཔེར་ན་སང་ཉིན་ཡང་ན་གནངས་ཉིན་འདིར།།
ཏོང་ཧྥང་པོའུ་པེ(东方不败)སྟོང་ཕྲག་གཅིག་ལྷག་གིས།།
དར་ཐག་དཀར་དམར་བྲན་ནས་ཡོང་ན་ཡང་།།
ཁྲིན་ལུང་གཅིག་པུས་ཧ་ཅང་དལ་པོའི་ངང་།།
འགད་རྫས་ཁེར་ཞིག་འཕང་དུས་ཚར་བ་རེད།།
ཅེས་ཁ་མཚར་ཞིག་གི་ཚབ་ཏུ་སེང་རྡོར་གྱིས་ཕུལ།

༈ གཞོན་ནུ་དག་ལ་ངར་བསླངས་པའི་འབེལ་གཏམ་ལམ་ནག་འདྲེ་སྐད་ཅེས་བྱ་བ་བཞུགས་སོ།།

ང་ནི་ཉམས་མྱོང་རྒན་པོ་ལས།།
ད་དུང་ཅང་ཤེས་གཞོན་ནུར་དགའ།།
སྔ་མ་ཇི་འདྲ་བཟང་ན་ཡང་།།
དུམ་པ་བརྒྱ་ཕྲག་བློར་ཡོད་ཙམ།།
རྒན་པོ་མེད་ཀྱང་ཁོ་ཡིས་ནི།།
ཤེས་ཚད་སྤྱིར་བཏང་ཡིག་ལམ་གསལ།།
བོར་དོགས་ཆེར་མེད་སྔ་འཕྱི་ལས།།
ཐོས་པ་གསོག་རྣམས་བགས་ཀྱིས་འབྱུང་།།
འོན་ཀྱང་ཅང་ཤེས་གཞོན་ནུ་སྐད།།
དེ་དང་འདྲ་བ་མ་ལགས་སོ།།
ས་དང་འདྲ་བ་མ་ལགས་སོ།།
རྡོ་དང་འདྲ་བ་མ་ལགས་སོ།།
གང་དང་འདྲ་བ་མ་ལགས་སོ།།
འཇིག་རྟེན་མི་ཡི་གཏམ་དཔེ་ལ།།
དེ་རིང་ཐུག་པའི་མི་དག་ལ།།
དེ་རིང་ཕན་ཆད་དེ་རིང་བཞིན།།
ཐུག་རྒྱུ་མི་སྲིད་གྲགས་པ་ལྟར།།
གཞོན་ནུ་ཅང་ཤེས་སྐད་ཅིག་གི །
གློག་འཁྱུག་སྐར་མདའ་ལྷུང་འདྲ་ལགས།།
རྭ་རྩེད་མ་བྱས་གཡག་གསར་མིན།།
ས་རྒོད་མ་བརྟོལ་ལྗང་མྱུག་མིན།།
ལང་ཚོས་ལམ་གཤགས་ལང་ཚོས་ནི།།
སྲ་མཁྲེགས་སྒོ་མོ་གཏོར་བྱེད་པའི།།
ཆོས་རྣམས་བློ་ཡུལ་འདས་པ་རྐྱང་།།
ཚད་ལས་བརྒལ་བའི་གཏམ་ཡང་བཤད།།
འོས་འཚམས་མིན་པའི་ལས་ཀྱང་བྱེད།།
གུ་ཡངས་གཏོང་དཀའི་ངང་ནས་ཡོང་།།
སེམས་ཅན་ཡིད་ཀྱི་རྒུ་རུ་ཡང་།།
མ་ཤར་ལྟད་མོ་ཡ་མཚན་སྟོན།།
མགོ་ནི་སྟོང་བ་ཡིན་པས་ན།།
བཞག་ཚད་ལས་སླར་ཆུད་ཀྱི་ཡོད།།
རང་ཚུགས་དེ་ཙམ་མེད་པས་ན།།
ལྟ་བ་གོས་བཞིན་བརྗེ་ཡང་སྲིད།།
ལུགས་མཐུན་ཡིན་མིན་སྤྱི་འགྲོས་ཀྱི།།
ལམ་གློག་དམར་ལྗང་ནན་ཏན་དུ།།
ཚུལ་ཁྲིམས་ནང་བཞིན་སྲུང་དགའ་བ།།
དེ་འདྲའི་གཞོན་ནུ་གཞོན་ནུ་རུ།།
མ་བསམ་ཁོ་ཅག་འདར་མ་འདུར།།
སྲོལ་ཡིག་འགའ་རེ་སྒྲོག་གིན་དུ།།
ལྟར་མི་བཟོད་པར་འཕྱེ་བ་ཡིན།།
འཕྱེ་བཞིན་འཕྱེ་བཞིན་འཆི་བ་ཡིན།།
ལང་ཚོ་གར་སོང་གང་དུ་ཡལ།།
འདང་བརྒྱབ་ཀྱེ་མ་སྙིང་ནས་ཁྲེལ།།
༢༠༡༥ ༧ ༡༣ སེང་རྡོར་གྱིས་ཐོལ་བྱུང་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།