ཞྭ་དམར་མཁའ་སྤྱོད་དབང་པོའི་“རྒྱན་བཞིའི་”རྩོམ་གཞུང་།

བྱམས་ཕྲུག 琼迈文学网 2022-09-30

གཅིག། 

     《སྙན་ངག་མེ་ལོང་》བོད་དུ་དར་བའི་གོ་རིམ་ཧྲིལ་བོར། ཤོང་དཔང་ཡབ་སྲས་དང་ཞ་ལུ་ལོ་ཙཱ་བ། རྒྱལ་དབང་ལྔ་པ། སི་ཏུ་པཎ་ཆེན་ལྟ་བུའི་མཁས་གྲགས་གཉིས་འཛོམས་ཀྱི་མཁས་པ་མང་པོས་གཞུང་འདི་སྦྱོང་སྤྱོད་སྤེལ་གསུམ་བྱས་པ་དེས། གཞུང་འདི་བོད་ཀྱི་རྩོམ་གཞུང་གི་སྲོག་ཤིང་དུ་གྱུར་པའི་སྔ་ལོགས་ཀྱི་རྒྱུ་གལ་ཆེན་དུ་གྱུར་པ་དང་ཆབས་ཅིག་གཞུང་འདི་ལ་རང་བཞིན་གྱིས་གཟི་བྱིན་ཞིག་བསྣན། དེའི་རྐྱེན་གྱིས་སམ་ཡང་ན་ཁྲིད་ལུང་གི་རྒྱུན་གྱིས་སམ། གང་ལྟར་ཕྱིས་ཀྱི་མཁས་པ་དག་གི་ཁྲོད་ནས་གཞུང་འདིའི་ཚིག་དོན་སྔ་འགྲེལ་དག་ལ་ཁུངས་གཏུགས་ཏེ་འགྲེལ་རྒྱུ་གཙོར་བྱས་པ་ལས། རྩོམ་གཞུང་ཐད་ནས་ལྟ་བ་མི་འདྲ་བ་འདོན་མཁན་ཉུང་ཉུང་ཡིན། དེ་ལས་དུས་རབས་བཅུ་བཞི་བར་བྱོན་པའི་ཞྭ་དམར་མཁའ་སྤྱོད་དབང་པོ་(1350-1405)ནི་མཁས་པ་གལ་ཆེན་ཞིག་སྟེ། ཁོང་གིས་ས་ཕོ་སྤྲེའུའི་ལོ་སྟེ་1368ལོའི་ཟླ་དགུ་པའི་ཚེས་གསུམ་ལ་ཡོངས་སུ་གྲུབ་པའི་《བསྟན་བཅོས་རྩོམ་པ་ལ་འཇུག་པ་སྙན་དངགས་ཨུཏྤལའི་དྲི་བསུང་》ཞེས་པ་ཞིག་བརྩམས་ཏེ། 《སྙན་ངག་མེ་ལོང་》ལ་གཞིར་བཅོལ་ཏེ་ལྟ་བ་མི་འདྲ་བ་གལ་ཆེན་སྐོར་ཞིག་བཏོན་ལ་རང་རྐྱ་འཕེར་བའི་རྩོམ་གཞུང་ཆུང་ངུ་ཞིག་ཏུ་འདོད་ཆོག་པ་ཡིན།

     《བསྟན་བཅོས་རྩོམ་པ་ལ་འཇུག་པ་སྙན་དངགས་ཨུཏྤལའི་དྲི་བསུང་》ཞེས་པའི་སྤྱི་ཁོག་ཕྱོགས་བཞི་ནས་གྲུབ་སྟེ། གང་བརྩམས་པར་བྱ་བའི་གཞི་དང་གང་གིས་བརྩམས་པའི་གང་ཟག། གང་བརྩམས་པའི་གནས། ཇི་ལྟར་བརྩམས་པའི་ཚུལ་བཅས་སོ།། ཕྱོགས་འདི་བཞིའི་ངོས་ནས་ཞྭ་དམར་མཁའ་སྤྱོད་དབང་པོས་རྩོམ་པ་དང་འབྲེལ་བའི་ལྟ་བ་སྐོར་ཞིག་བཏོན་ཡོད། འདི་དག་ཀྱང་ཆེ་ས་ནས་རྩོམ་གཞི་དང་རྩོམ་མཁན། རྩོམ་ཚུལ་གསུམ་དུ་དབྱེ་ཆོག། ཁོང་གིས་རྩོམ་པར་མ་ཞུགས་གོང་ཐོག་མར་རྩོམ་གཞི་གང་དེའི་“ངོ་བོ་དང་རང་བཞིན། མཚན་ཉིད་དང་། དཔེ་དོན་དང་རྣམ་གྲངས་ཇི་སྙེད་ཡོད་པ་ཐམས་ཅད་”1ངེས་པར་བྱ་རྒྱུ་ནི་སྔོན་འགྲོ་ལྟ་བུར་འདོད། འོ་ན་དེ་ལྟ་བུའི་རྩོམ་གཞི་གང་ཞེ་ན། གང་བརྩམས་པའི་གནས་(དོན་དུ་གང་བརྩམ་པར་བྱ་བའི་རྒྱུ་སྟེ་གནས་ཞེས་པ་འབྲི་ནོར་ཐེབས་སྙམ།)ཀྱི་སྐབས་སུ་བསྟན་འདུག། སྤྱིའི་རྒྱུ་དང་ཁྱད་པར་གྱི་རྒྱུ་གཉིས་སུ་དབྱེ་ཆོག་སྟེ། སྤྱིའི་རྒྱུ་ནི་“ཤེས་བྱ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་”དང་། ཁྱད་པར་གྱི་རྒྱུ་ནི་“རྒྱལ་བའི་བཀའ་དང་། སྐྱེས་བུ་དམ་པ་རྣམས་ཀྱི་བསྟན་བཅོས། རང་གི་ཡིད་ལ་གནས་པའི་ཆོས་ཀྱི་བློ་གྲོས་”གསུམ་སྟེ། འཇིག་རྟེན་ཁམས་ཀྱི་བྱ་དངོས་ཡོད་དོ་ཅོག་རྩོམ་པའི་རྒྱུ་ཆར་འདྲེན་རུང་ལ། ལྷག་པར་དུ་རྒྱལ་བའི་བཀའ་དང་སྐྱེས་བུ་དམ་པའི་བསྟན་བཅོས། ཆོས་ཀྱི་བློ་གྲོས་སོགས་རྒྱུར་བྱས་ཏེ་བརྩམས་ན་ལེགས་པའི་ལྟ་བ་བཏོན་པ་འདི་ལས། ཁོང་གི་རྩོམ་རིག་བསམ་བློར་ཆོས་ཀྱི་ཤུགས་རྐྱེན་ཐེབས་འདུག་པ་ཤེས། སྐབས་འདིའི་རྒྱུ་ཞེས་པ་ཡང་། 《སྙན་ངག་མེ་ལོང་》དུ་བསྟན་པའི་སྲོག་བཅུ་བདུན་སོགས་རྩོམ་རྒྱུ་དང་འདྲ་ལ། དེང་གི་གོ་བ་ལྟར་ན་རྩོམ་འབྲི་སྐབས་ཀྱི་རྒྱུ་ཆ་ལ་གོ་ཆོག། དེས་ན་རྩོམ་པ་ལ་འཇུག་སྐབས་སྔོན་ལ་རྩོམ་གཞི་ངེས་དགོས་པའི་ལྟ་བ་འདི་ས་པཎ་དང་གུང་ཐང་བདེ་བློ་སོགས་ཀྱིས་ཀྱང་དེ་སྔ་བཏོན་ཡོད། འོན་ཀྱང་བྱེ་བྲག་གི་གཞུང་དོན་འགོད་ལུགས་ཐད་ནས་མཁས་པ་འདི་དག་གི་ལྟ་བར་རང་རང་གི་ཁྱད་ཆོས་ཡོད། རྩོམ་གཞིའི་སྐོར་ལན་གྲངས་དུ་མར་བསྟན་པ་འདི་ལས་བརྡ་ཆད་འདི་གའི་འཕེལ་འགྱུར་གྱི་རྒྱུན་ཞིག་མཐོང་ཡོང་ལ་འདི་ག་བོད་ཀྱི་རྩོམ་གཞུང་གི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ནས་ཡོད་པ་ཡང་ཤེས།

     རྩོམ་པའི་གཞི་དང་རྩོམ་པའི་རྒྱུ་དེ་དག་ལས་“སྙན་ངག་ཕུན་ཚོགས་”བསྐྱེད་པ་ལ། “རྐྱེན་བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་ལྡན་”དགོས་པར་བརྗོད། འདིའི་སྐོར་གང་གིས་བརྩམས་པའི་གང་ཟག་གི་སྐབས་སུ་གསལ་བོར་བརྗོད་ཅིང་། རྩོམ་མཁན་གང་ཟག་ཅིག་ལ་བྱེ་བྲག་གི་ཆ་རྐྱེན་བཞི་ཚང་དགོས་པར་བསྟན། དེ་དག་ནི་རང་གི་ཡི་དམ་གྱི་ལྷས་རྗེས་སུ་གནང་བ་དང་གཅིག། ཕུན་སུམ་ཚོགས་པའི་བློ་གྲོས་ལྡན་པ་དང་གཉིས། མང་དུ་ཐོས་པའི་ཤེས་རབ་ལྡན་པ་དང་གསུམ། རྒྱལ་བའི་བཀའ་དང་སྙན་ངག་སྡེབ་སྦྱོར་གསུམ་རང་གི་བློ་དང་འདྲེས་པར་གྱུར་པ་བཞི་བཅས་སོ།། རྩོམ་མཁན་གང་ཟག་སྐོར་དང་འབྲེལ་བའི་གཞུང་དོན་དག་ཀྱང་བོད་ཀྱི་རྩོམ་གཞུང་གི་ནང་དོན་གལ་ཆེན་ཞིག་ཡིན་པའི་ངོས་ནས། དཔང་ལོས་《སྙན་ངག་མེ་ལོང་》གི་རྩ་ཚིག་“རང་བཞིན་གྱིས་གྲུབ་སྤོབས་པ་དང་།། མང་དུ་ཐོས་པ་དྲི་མེད་དང་།། མངོན་པར་སྦྱོར་བ་མི་དམན་པ།། སྙན་དངགས་ཕུན་སུམ་ཚོགས་པའི་རྒྱུ།།”2ཞེས་པར་འགྲེལ་བསྐྱོན་པ་དང་སྦྲགས་ཏེ་རྩོམ་མཁན་སྐོར་གྱི་ནང་དོན་གཞུང་ལུགས་ཀྱི་རྣམ་པས་བོད་ཀྱི་རྩོམ་གཞུང་གི་རྒྱུན་དུ་བྱུང་ལ། གུང་ཐང་བདེ་བློ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཨ་ལག་ཤ་ངག་དབང་བསྟན་དར་སོགས་ཀྱིས་ཀྱང་རྩོམ་མཁན་ལ་ཚང་དགོས་ངེས་ཀྱི་ཆ་རྐྱེན་ཐད་ནས་ལྟ་བ་གལ་ཆེན་རེ་འགའ་བཏོན་ཡོད། དེ་དག་དང་བསྡུར་ཚེ། ཞྭ་དམར་མཁའ་སྤྱོད་དབང་པོའི་ལྟ་བའི་ཁྱད་ཆོས་སྔར་བཞིན་ཆོས་དང་འབྲེལ་བའི་ལྟ་བ་སྐོར་ཞིག་སྙན་ངག་(རྩོམ་རིག་)དང་མཐུན་པོར་སྦྱར་བ་དེར་ཡོད། དཔེར་ན། རང་གི་ཡི་དམ་གྱི་ལྷས་རྗེས་སུ་གནང་བ་དང་། རྒྱལ་བའི་བཀའ་དང་སྙན་ངག་སྡེབ་སྦྱོར་གསུམ་རང་གི་བློ་དང་འདྲེས་པར་འགྱུར་དགོས་པ་ལྟ་བུ་སྟེ། རྩོམ་པ་ལ་ཞུགས་ཚེ་ཡི་དམ་གྱི་ལྷས་རྗེས་སུ་གནང་བ་རྒྱལ་བའི་བཀའ་དང་འབྲེལ་བའི་བསྟན་བཅོས་ཆེན་པོ་རྩོམ་སྐབས་ཀྱི་རྒྱུ་ཞིག་ཡིན་པ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ་ཡི་《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་》རུ། “རྩོམ་པ་པོ་ཚད་དང་ལྡན་པ་ནི་ས་ཐོབ་པའམ། དེ་ཙམ་མེད་ཀྱང་རིག་པའི་གནས་ལྔ་ལ་མཁས་པའམ། ནང་རིག་པ་ལ་མཁས་པའམ། ཡི་དམ་གྱི་ལྷའི་གནང་བ་ཐོབ་པའམ། བླ་མ་བརྒྱུད་པའི་གདམས་པ་ཡོད་པ་ལ་སོགས་པ་ཡོན་ཏན་གང་རུང་དང་ལྡན་པའོ་”3ཞེས་སོགས་གསལ་བ་ལས་ཤེས། དེ་བཞིན་དུ་རྒྱལ་བའི་བཀའ་དང་སྙན་ངག་སྡེབ་སྦྱོར་གསུམ་རང་གི་བློ་དང་འདྲེས་པ་ཡང་ཆོས་དང་སྙན་ངག་སྐོར་མཐུན་པོར་སྦྱར་བ་ཞིག་གོ།། འདིའི་སྐོར་བོད་ཀྱི་རྩོམ་གཞུང་གི་གཞུང་དོན་བྱེ་བྲག་པ་རེ་འགའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་འདོད་རུང་།

     ཇི་ལྟར་བརྩམས་པའི་ཚུལ་ནི་བརྩམས་ཆོས་འདིའི་གནད་གཙོ་བོ་ཡོད་ས་ཡིན། འདིའི་སྐོར་དོན་རྒྱན། སྒྲ་རྒྱན། སྡེབ་རྒྱན། བརྗོད་རྒྱན་བཅས་ཕྱོགས་བཞི་ནས་བཞག་ཅིང་། དོན་དང་སྒྲ། སྡེབ་དང་བརྗོད་བཞིའི་ཚིག་གྲོགས་ལ་རྒྱན་བཞག་པས། “སྙན་ངག་ཕུན་སུམ་ཚོགས་པར་”བྱ་བ་ལ། རྒྱན་གལ་ཆེ་ཞིང་དེ་ལས་ཀྱང་ནང་དོན་ཐད་ནས་དོན་རྒྱན་དང་། ཚིག་གི་ཐད་ནས་སྒྲ་རྒྱན། ཐ་སྙད་ཀྱི་ཐད་ནས་མངོན་བརྗོད་ཀྱི་རྒྱན། སྦྱོར་བའི་ཐད་ནས་སྡེབ་སྦྱོར་གྱི་རྒྱན་གལ་ཆེ་བའི་ལྟ་བ་བཏོན་ཡོད། དེ་ལས་དོན་རྒྱན་དང་སྒྲ་རྒྱན་གཉིས་《སྙན་ངག་མེ་ལོང་》གི་སྤྱི་ཁོག་ལྟར་བཞག་འདུག་ཅིང་། འཇོག་སྟངས་རྒྱན་རེ་རེར་ཚིག་ཉུང་ངུས་མཚན་ཉིད་བཞག་པ་དང་དཔེར་བརྗོད་རེ་རེས་གསལ་བར་བྱས། དཔེར་ན། “གང་གིས་མཚུངས་པར་སྦྱོར་བ་དཔེ་རྒྱན་ཏེ་”ཞེས་པ་དང་། “གསལ་བྱེད་གནས་སུ་བསྐོར་བ་བསྐོར་བའི་རྒྱན་ཏེ་”ཞེས་པ་ལྟ་བུ། རྒྱན་རེ་རེའི་དབྱེ་བའི་ཐད་ནས་འདོར་ལེན་ཅི་རིགས་བྱས་འདུག་པ་ལས་སྤྱིར་བཏང་རྒྱན་གཅིག་རེས་ཆོག་པར་བྱས་པས་དོན་འགྲེལ་ཐབས་ཀྱིས་བཀྲལ་ཡོད། དོན་རྒྱན་དང་སྒྲ་རྒྱན་གཉིས་ཀྱི་ཐད་ནས་གསར་བཤད་གཉིས་འདུག་པ་གླེང་རི་བ་ཞིག་སྟེ། 

1. དོན་རྒྱན་སོ་བཞིར་འདོད་པ། 《སྙན་ངག་མེ་ལོང་》གི་ལེའུ་གཉིས་པར། རང་བཞིན་བརྗོད་པའི་རྒྱན་ནས་དགོངས་པ་ཅན་གྱི་རྒྱན་བར་དུ་དོན་རྒྱན་ལ་སོ་ལྔ་བསྟན་ཡོད་ཅིང་བོད་འགྲེལ་ཐམས་ཅད་ཀྱིས་ཀྱང་དེ་ལྟར་འདོད། ཞྭ་དམར་མཁའ་སྤྱོད་དབང་པོས་“དེ་ལྟར་རྒྱན་སུམ་ཅུ་སོ་བཞི་”4ཞེས་དོན་རྒྱན་ལ་སོ་བཞི་ཡོད་པའི་གྲངས་གཏན་དུ་ཁེལ་ལ། རེ་རེ་དངོས་སུ་གྲངས་འདྲེན་པའི་སྐབས་“ངེས་བརྟེན་མཚུངས་སྦྱོར་དགོངས་པ་ཅན་རྣམས་ནི། གོང་མ་དེ་དག་གི་ཁོངས་སུ་གནས་པའི་ཕྱིར་མ་བརྗོད་དོ་”(ཤོག་ངོས་349)ཞེས་བསྟན་མེད། དེ་གསུམ་ལས་ཀྱང་ངེས་བསྟན་གྱི་རྒྱན་བསྟན་མེད་པ་སྟེ། འདི་ག་རང་རྐྱ་འཕེར་བའི་རྒྱན་ཞིག་ཏུ་མ་བརྩིས་པས་དོན་རྒྱན་སུམ་ཅུ་སོ་བཞི་ཞེས་པའི་གསར་བཤད་འདི་བྱུང་། དེ་ལྟར་འདོད་པའི་རྒྱུ་དང་རྐྱེན་ཅི་ཡིན་རྩོམ་ལས་མི་གསལ་མོད། གང་ལྟར་དོན་རྒྱན་གྱི་རྣམ་གྲངས་འདྲེན་ལུགས་ཐད་ནས་འཇོག་སྟངས་གསར་པ་ཞིག་བསྣན། བོད་འགྲེལ་དག་ལྟར་ན། དོན་རྒྱན་གྱི་འདྲེན་ལུགས་ཐད་ཀྱང་རྣམ་གྲངས་མི་འདྲ་བ་འགའ་ཡོད། རང་བཞིན་བརྗོད་པའི་རྒྱན་ལ་ངོ་བོའི་རྒྱན་ཞེས་པ་དང་། ཕྱི་མ་སོ་བཞི་ལ་དཔེ་ཡི་རྒྱན་ཞེས་དབྱེ་བ། རང་བཞིན་བརྗོད་པའི་རྒྱན་ལ་དྲང་རྒྱན་ཞེས་པ་དང་། ཕྱི་མ་སོ་བཞི་ལ་འཁྱོག་རྒྱན་ཞེས་དབྱེ་བ། རང་བཞིན་བརྗོད་པའི་རྒྱན་ནས་ཤིས་བརྗོད་ཀྱི་རྒྱན་བར་སྔ་མ་སོ་གསུམ་ཞེས་པ་དང་། རབ་སྤེལ་གྱི་རྒྱན་དང་དགོངས་པ་ཅན་གྱི་རྒྱན་གཉིས་ལ་ཕྱི་མ་གཉིས་ཞེས་དབྱེ་བ་ལྟ་བུ་མང་། ལྷག་པར་དགོངས་པ་ཅན་གྱི་རྒྱན་འདི་ལ། རྩ་བར་དཔེར་བརྗོད་བཀོད་མེད་པས་ན།5 རང་རྐྱ་འཕེར་བའི་རྒྱན་ཞིག་ཏུ་འདོད་མི་འདོད་ཡོད་པ་ལས་དོན་རྒྱན་གྱི་རྣམ་གྲངས་ལ་སོ་ལྔ་ཡོད་པར་སྙན་འགྲེལ་ཀུན་ལྟ་བ་མཐུན།  དེས་ན། ངེས་བསྟན་གྱི་རྒྱན་རང་རྐྱ་འཕེར་བའི་རྒྱན་ཞིག་ཏུ་མ་བརྩིས་པས་དོན་རྒྱན་སུམ་ཅུ་སོ་བཞི་ཞེས་པའི་གསར་བཤད་འདི་བྱུང་།6

2.མཐའ་ཐོག་སྦྱར་བའི་ཟུང་ལྡན་གཉིས་གསར་དུ་བསྣན་པ།   《སྙན་ངག་མེ་ལོང་》དུ་ཟུང་ལྡན་གྱི་རྒྱན་ལས་མཐའ་ཐོག་སྦྱར་བའི་ཟུང་ལྡན་ལ་རྐང་བ་སྔོན་མའི་མཐའ་དང་ཕྱི་མའི་མགོར་ཚིག་འདྲ་བ་བསྐོར་བའི་སྦྱོར་སྟངས་རིགས་གཅིག་ལས་བསྟན་མེད།  《བསྟན་བཅོས་རྩོམ་པ་ལ་འཇུག་པ་》འདིར་དེ་ལས་གཞན་པའི་སྦྱོར་སྟངས་མི་འདྲ་བ་གཉིས་བསྟན་ཡོད་དེ། “རང་གི་ཐོག་མ་དང་རང་གི་མཐའ་མ་སྦྱར་བའི་ཚིགས་བཅད་ནི། མཐའ་ཐོག་སྦྱར་མིན་གྱི་ཟུང་ལྡན་”ཞེས་པ་ཞིག་དང་། “མཐའ་ཐོག་སྦྱར་བའི་ཟུང་ལྡན་ཆེན་མོ་”7ཞེས་པ་གཉིས་གསར་དུ་བསྟན་ཡོད། སྔ་མའི་དཔེར་བརྗོད་ལ། རྒྱལ་བའི་སྐུ་ཁྱོད་བདུད་ཀྱི་གཡུལ་ལས་རྒྱལ།། སེམས་ཅན་སྣ་ཚོགས་མོས་པ་རབ་ཏུ་སེམས།། ཤེས་རབ་མཆོག་གྱུར་རྒྱལ་བའི་དབང་པོར་ཤེས།། དཔལ་ལྡན་འཇམ་དབྱངས་འགྲོ་བ་ཡོངས་ཀྱི་དཔལ།། ཞེས་པ་སྟེ། ཚིག་རྐང་དང་པོའི་ཐོག་མཐར་རྒྱལ་དང་། གཉིས་པའི་ཐོག་མཐར་སེམས། གསུམ་པའི་ཐོག་མཐར་ཤེས། བཞི་བའི་ཐོག་མཐར་དཔལ་བསྐོར་ཏེ་མཐའ་ཐོག་སྦྱར་བའི་ཁྱད་ཆོས་སླེབས་སུ་བཅུག། སྤྱིར་བཏང་གི་མཐའ་ཐོག་སྦྱར་བའི་རིགས་ལམ་ཚིག་རྐང་གཉིས་ཀྱི་འབྲེལ་བས་གྲུབ་མོད། འདི་ཚིག་རྐང་གཅིག་གི་ནང་མཐའ་ཐོག་གི་ཁྱད་ཆོས་སླེབས་པར་བྱས། གཉིས་པའི་དཔེར་བརྗོད་ལ། འགྲོ་ལ་གཅིག་ཏུ་ཕན་བརྩོན་གང་དེ་ངན་འགྲོ་ལོག་པའི་ལམ་མི་འགྲོ།། འགྲོ་འོང་གནས་མེད་རྟོགས་པ་གང་དེ་ལས་དང་ཉོན་མོངས་དབང་མི་འགྲོ།། འགྲོ་བའི་ཉོན་མོངས་འཇོམས་བརྩོན་གང་དེ་ཞི་བ་ཙམ་གྱི་སར་མི་འགྲོ།། འགྲོ་སྐྱབས་རྣམས་ཀྱི་སྤྱོད་མཆོག་གང་དེ་དམན་པའི་བློ་ཡུལ་དུ་མི་འགྲོ།། ཞེས་པ་སྟེ། ཚིགས་བཅད་ཧྲིལ་བོའི་རྐང་བ་རེ་རེའི་ཐོག་མ་དང་མཐའ་མར་འགྲོ་ཞེས་པའི་ཚིག་བསྐོར་ཏེ།མཐའ་ཐོག་སྦྱར་བའི་ཟུང་ལྡན་གྲུབ་ལ་ཡང་མཐའ་ཐོག་སྦྱར་མིན་གྱི་ཟུང་ལྡན་ཡང་གྲུབ་པ་སྟེ་གཉིས་ཀས་མཉམ་དུ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ཆེན་མོ་གྲུབ་བོ།། སྦྱོར་སྟངས་འདི་གནས་གཞན་ན་ཡོད་པའི་ཟུང་ལྡན་གྱི་རྒྱན་ལས་རྐང་བ་བཞི་གའི་ཐོག་མཐར་ཡོད་པའི་བར་ཆོད་པའི་ཟུང་ལྡན་གྱི་རྒྱན་དང་འདྲ་ཆ་ཡོད་ན་ཡང་སྐབས་འདིར་གཉིས་ཀའི་ཚིག་གི་གནས་སྐབས་(Context/语境)མི་འདྲའོ།། གསར་དུ་བསྣན་པའི་ཟུང་ལྡན་གྱི་རྒྱན་འདི་གཉིས་སྙན་ངག་གི་བརྩམས་ཆོས་ཁག་ཏུ་མཐོང་རྒྱུ་ཡོད་ན་ཡང་། རྒྱན་ལ་མིང་གིས་བཏགས་ཏེ་ངོས་བཟུང་བ་མེད་པས། ཞྭ་དམར་མཁའ་སྤྱོད་དབང་པོས་རྩོམ་སྟངས་འདི་གསར་དུ་རྙེད་པ་མ་ཟད་དེ་ལ་མིང་གིས་བཏགས་ཏེ་གཞུང་ལུགས་སུ་བྲིས་པས་ཚིག་རྒྱན་སྦྱོར་སྟངས་སོགས་ཕྱོགས་གང་ཐད་ནས་གྲ་ཇེ་རྒྱས་སུ་བཏང་ཡོད། 

     དོན་རྒྱན་དང་སྒྲ་རྒྱན་གཉིས་《སྙན་ངག་མེ་ལོང་》ལ་དཔེ་ལྟོས་སྒོས་རྩོམ་དུ་དྲངས་པ་ལས་གཞན། ཚིགས་བཅད་སྡེབ་སྟངས་ཀྱི་སྦྱོར་བ་ལ་སྡེབ་རྒྱན་དང་། མངོན་བརྗོད་ཀྱི་སྐོར་ལ་བརྗོད་རྒྱན་ཞེས་བཏགས་ཏེ། རྩོམ་པའི་ཚུལ་ལ་ངེས་མཁོའི་རྒྱན་གྱི་ཚུལ་དུ་དྲངས་པ་ཡང་གཞུང་འདིའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡིན། སྡེབ་རྒྱན་གྱི་སྐབས་རྣམ་པའི་ལུས་ཀྱི་ཆ་ནས་ཚིགས་བཅད་རྩོམ་སྟངས་གཞིར་བྱས་འདུག། དེ་ལ་“བླ་འཕེལ་བ་དང་། བསྐྱེད་པ་དང་། ངལ་གསོ་དང་། ལྕི་ཡང་རྣམས་བོད་སྐད་ལ་མི་ཚང་བས།” བོད་སྐད་སྙན་ངག་གི་གནས་སྟངས་ལ་དམིགས་ཏེ། ཚིགས་བཅད་ཀྱི་མིང་དང་ཚེག་བར་མང་ཉུང་གི་ཁྱད་པར་དཔེར་བརྗོད་དང་བཅས་གཙོ་བོར་བསྟན་འདུག་པ་ལས། ཚེག་བར་གཅིག་ཅན་ནས་ཚེག་བར་ཉེར་དྲུག་བར་གྱི་ཚིགས་བཅད་སྦྱོར་སྟངས་རེ་རེ་བཞིན་བསྟན་ཅིང་སྦྱོར་སྟངས་ལ་མིང་གིས་བཏགས་ཡོད་དེ། ཚེག་བར་གཅིག་ཅན་ལ་བརྗོད་པའི་ཚིགས་བཅད། ཚེག་བར་གཉིས་ཅན་ལ་ཤིན་ཏུ་བརྗོད་པའི་ཚིགས་བཅད། ཚེག་བར་གསུམ་ཅན་ལ་ཁྱད་པར་གྱི་ཚིགས་བཅད། ཚེག་བར་བཞི་ཅན་ལ་ལྷན་ཅིག་པའི་ཚིགས་བཅད། ཚེག་བར་ལྔ་ཅན་ལ་བར་མའི་ཚིགས་བཅད། ཚེག་བར་དྲུག་ཅན་ལ་རབ་གནས་ཀྱི་ཚིགས་བཅད། ཚེག་བར་བདུན་ཅན་ལ་ལེགས་གནས་ཀྱི་ཚིགས་བཅད། ཚེག་བར་བརྒྱད་ཅན་ལ་དབྱངས་སྒྲོག་གི་ཚིགས་བཅད། ཚེག་བར་དགུ་ཅན་ལ་རབ་དགའི་ཚིགས་བཅད། ཚེག་བར་བཅུ་ཅན་ལ་གསང་སྔགས་ཀྱི་ཚིགས་བཅད། ཚེག་བར་བཅུ་གཅིག་ཅན་ལ་བྲྀ་ཧ་ཏིའི་ཚིགས་བཅད། ཚེག་བར་བཅུ་གཉིས་ཅན་ལ་ཕྲེང་ལྡན་གྱི་ཚིགས་བཅད། ཚེག་བར་བཅུ་གསུམ་ཅན་ལ་རྗེས་སྔགས་ཀྱི་ཚིགས་བཅད། ཚེག་བར་བཅུ་བཞི་ཅན་ལ་སྐྱེས་འགྲོའི་ཚིགས་བཅད། ཚེག་བར་བཅོ་ལྔ་ཅན་ལ་ཤིན་ཏུ་སྐྱེས་འགྲོའི་ཚིགས་བཅད། ཚེག་བར་བཅུ་དྲུག་ཅན་ལ་ནུས་ལྡན་གྱི་ཚིགས་བཅད། ཚེག་བར་བཅུ་བདུན་ཅན་ལ་ཤིན་ཏུ་ནུས་ལྡན་གྱི་ཚིགས་བཅད། ཚེག་བར་བཅོ་བརྒྱད་ཅན་ལ་ལེགས་སྤྱོད་ཀྱི་ཚིགས་བཅད། ཚེག་བར་བཅུ་དགུ་ཅན་ལ་ཤིན་ཏུ་ལེགས་སྤྱོད་ཀྱི་ཚིགས་བཅད། ཚེག་བར་ཉི་ཤུ་ཅན་ལ་བསྟན་འཛིན་གྱི་ཚིགས་བཅད། ཚེག་བར་ཉེར་གཅིག་ཅན་ལ་ཤིན་ཏུ་བསྟན་འཛིན་གྱི་ཚིགས་བཅད། ཚེག་བར་ཉེར་གཉིས་ཅན་ལ་བྱེད་ལྡན་གྱི་ཚིགས་བཅད། ཚེག་བར་ཉེར་གསུམ་ཅན་ལ་ཤིན་ཏུ་བྱེད་ལྡན་གྱི་ཚིགས་བཅད། ཚེག་བར་ཉེར་བཞི་ཅན་ལ་རྣམ་འབྱེད་ཀྱི་ཚིགས་བཅད། ཚེག་བར་ཉེར་ལྔ་ཅན་ལ་ཤིན་ཏུ་རྣམ་འབྱེད་ཀྱི་ཚིགས་བཅད། ཚེག་བར་ཉེར་དྲུག་ཅན་ལ་ལྷག་པར་བྱེད་ཀྱི་ཚིགས་བཅད་བཅས། ཚེག་བར་གཅིག་ནས་ཉེར་དྲུག་བར་རྐང་པ་བཞི་རེའི་ལམ་ནས་དཔེར་བརྗོད་རེ་རེ་བྱས་འདུག།

     བརྗོད་རྒྱན་སྟེ་མངོན་བརྗོད་ཀྱི་སྐོར་ཚངས་པ་དང་བརྒྱ་བྱིན། རི་རབ་དང་ཉི་ཟླ། འབྲུག་དང་གླང་པོ་ཆེ་སོགས་མིང་ཉེར་ལྔའི་མངོན་བརྗོད་དང་གྲངས་ཀྱི་མངོན་བརྗོད་སྐོར་ཞིག་གིས་གྲུབ་ལ་ཞིབ་པར་《འཆི་མེད་མཛོད་》ལ་བལྟ་བར་བསྐུལ་འདུག། དེ་ལས་མངོན་བརྗོད་ཀྱི་སྐོར་རྩོམ་པ་ལ་ཉེ་བར་མཁོ་བ་མ་ཟད། “སྙན་ངག་ཕུན་ཚོགས་”བསྐྱེད་བྱེད་ཀྱི་རྒྱན་ཞིག་ཏུ་འདོད་པ་སོགས་ཀྱིས་རིག་གནས་ཆུང་བ་ལྔ་ལས་སྙན་ངག་དང་སྡེབ་སྦྱོར། མངོན་བརྗོད་གསུམ་རྩོམ་པའི་དབྱིངས་སུ་གཞི་གཅིག་ཏུ་འདུ་བར་བྱས་པས། རྩོམ་པ་རང་རྒྱ་ཡངས་ལ་སྣེ་འཛོམས་པའི་རིག་པ་ཞིག་ཏུ་བཏང་། ཞྭ་དམར་མཁའ་སྤྱོད་དབང་པོའི་“རྒྱན་བཞིའི་”ལམ་ནས་བཞག་པའི་རྩོམ་གཞུང་གི་སྒྲོམ་འདི་དང་འདྲ་བར།9 སྙན་ངག་དང་སྡེབ་སྦྱོར། མངོན་བརྗོད་གསུམ་རྩོམ་པའི་གྲུབ་གཞིར་འདོད་པའི་ལྟ་བ་འདི་ལ་རྒྱུན་ཡང་ངེས་ཅན་ཞིག་ཡོད། འདིའི་སྔོན་དུ་ས་པཎ་དང་གུང་ཐང་བདེ་བློ་སོགས་ཀྱིས་སོ་སོའི་རྩོམ་གཞུང་དུ་འདི་གསུམ་གའི་ནང་གནས་ཀྱི་འབྲེལ་བ་གཞུང་ལུགས་ཀྱི་རྣམ་པས་བརྗོད་ཡོད་པ་མ་ཟད། ཀློང་ཆེན་རབ་འབྱམས་པ་(1308-64)ཡིས་བརྩམས་པའི་《ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་》ཞེས་པ་ཡང་། ཚོམས་བཞིས་གྲུབ་ཅིང་། དང་པོར་རྒྱན་གྱི་རྣམ་གྲངས་བརྗོད་པའི་ཚོམས་དང་། གཉིས་པ་རྒྱན་རྣམས་ཀྱི་མཚན་ཉིད་དང་རྣམ་གྲངས་སྟོན་པའི་ཚོམས། གསུམ་པ་མངོན་བརྗོད་སྟོན་པའི་ཚོམས། བཞི་པ་སྡེབ་སྦྱོར་བཤད་པའི་ཚོམས་སྟེ། འདི་དག་“སྙན་ངག་མཁན་ལ་ཉེར་མཁོ་”10བར་དམིགས་ནས། མངོན་བརྗོད་དང་སྡེབ་སྦྱོར་གཉིས་སྙན་ངག་གི་རིག་པའི་ཆ་ལག་ཅིག་ཏུ་བསྡུས་ཡོད། དེས་ན་ཞྭ་དམར་མཁའ་སྤྱོད་དབང་པོས་ཀྱང་བརྩམས་ཆོས་འདི་ལ་དཔེ་བལྟས་སམ་སྙམ་ན་ཡང་། ནང་གནས་ཀྱི་འབྲེལ་བ་རྙེད་དཀའ། མ་ཟད་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་《སྙན་ཚིག་གི་ངོ་མཚར་གྲངས་མེད་འཆར་བར་བྱེད་པའི་རྣམ་དཔྱོད་རྒྱན་གྱི་མེ་ཏོག་》ཅེས་པའི་རྩོམ་གྱི་སྟོད་ཆ་ལུས་རྒྱན་སྐྱོན་སེལ་གསུམ་གྱི་སྤྱི་ཁོག་དང་བྱེ་བྲག་ཏུ་དོན་རྒྱན་སོ་ལྔའི་རྒྱན་གཅིག་རེར་མཚན་ཉིད་དང་དཔེར་བརྗོད་བཀོད་པ་ཞིག་དང་། སྨད་ཆ་སྙན་ངག་རྩོམ་པ་ལ་ཉེ་བར་མཁོ་བའི་སྐད་དོད་དང་། མངོན་བརྗོད། བརྡ་གསར་རྙིང་། སྙན་ངག་གི་རྣམ་པས་འཕྲིན་ཡིག་འབྲི་ཚུལ་གྱི་དཔེར་བརྗོད་མང་པོ་བཀོད་ཡོད་པ་11སོགས་གཞུང་གི་རྣམ་པ་ཅན་ཡོད། ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། ཞང་ཞུང་བ་ཆོས་དབང་གྲགས་པ་སོགས་ཀྱི་སྙན་ངག་བརྩམས་ཆོས་ལས་ཀྱང་སྙན་ངག་དང་སྡེབ་སྦྱོར། མངོན་བརྗོད་གསུམ་ཕན་ཚུན་ལེགས་པོར་བསྡེབས་པའི་ངོས་ནས་སྙན་ངག་གི་ཡོན་ཏན་སྣ་ཚོགས་བསྐྱེད་ཀྱིན་པ་གསལ་ཡོང་བས། དུས་རབས་བཅུ་བཞི་བ་ནས་འདིའི་ངོས་ཐད་ཀྱི་རྩོམ་གཞུང་ལྟ་བ་ཞིག་བོད་ཀྱི་མཁས་པས་བཏོན་ཡོད་དོ།།

གཉིས།       

     ཞྭ་དམར་མཁའ་སྤྱོད་དབང་པོ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་བྱེ་མ་ལུང་ཞེས་པར་འཁྲུངས། དགུང་ལོ་དྲུག་པར་རྟོགས་ལྡན་གྲགས་པ་སེང་གེའི་སྐུའི་སྐྱེ་བར་ངོས་བཟུང་ཞིང་ཞྭ་དམར་སྐུ་ཕྲེང་གཉིས་པར་གྱུར། སྔ་ཕྱིར་མཁན་ཆེན་དོན་གྲུབ་དཔལ་བ་དང་སློབ་དཔོན་འཇམ་རིན། མཁན་ཆེན་ཀུན་དགའ་འོད་ཟེར་སོགས་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་སྦྱངས། ཁོང་གི་བྱུང་བ་བརྗོད་པའི་ཡིག་ཆ་དག་ལས་སྙན་ངག་དང་བཅས་པའི་ཐ་སྙད་རིག་གནས་སྐོར་གྱི་ཁྲིད་ལུང་ཇི་ལྟར་ཐོབ་པ་མི་གསལ། ལྷག་པར་སྙན་ངག་གི་རིག་པ་འདིའི་ཕྱོགས་ནས། 《བསྟན་བཅོས་རྩོམ་པ་ལ་འཇུག་པ་སྙན་དངགས་ཨུཏྤལའི་དྲི་བསུང་》གི་མཇུག་རྩོམ་དུ། “མཁས་པ་རྣམས་ཀྱི་གཞུང་ལུགས་མ་མཐོང་ཞིང་།། སྙན་ངག་གོམས་མཐུ་ལྡན་པ་མ་ཡིན་ནའང་།། བརྡ་མཐོང་ཙམ་གྱིས་རྒྱན་གྱི་བྱེ་བྲག་རྣམས།། སློབ་མ་དགོས་པར་ཤེས་པ་གང་དེའང་།།་་་་་་་གཞན་གྱི་གཞུང་ལུགས་ལ་ལྟོས་པ་མིན་པར། རང་བཞིན་གྱི་རྣམ་དཔྱོད་ཁོ་ན་ལ་བརྟེན་ནས་”12ཞེས་རྩོམ་མཇུག་ཏུ་གསལ་ལ། ཡང་《བླ་མ་ལ་བསྟོད་པའི་ཡིད་འོང་དྲ་བའི་སྤྲིན་》ཞེས་པར་“སྙན་དངགས་གཞུང་ལུགས་ཉིན་བྱེད་མ་མཐོང་ནའང།། རང་བྱུང་སྙན་དངགས་སེང་གེའི་རྩལ་ཆེན་རྒྱས།།”13ཞེས་གསལ་བ་སོགས་ལ་གཞིགས་ན། སྙན་ངག་གི་སྐོར་ནས་ཁྲིད་ལུང་མེད་ངེས་སྙམ་ལ། རྩོམ་གཞུང་སྐོར་གྱི་བརྩམས་ཆོས་ཐུང་ངུ་འདི་ཡང་སོ་སོའི་སྦྱངས་པ་ཁོ་ནར་བལྟས་ནས་བརྩམས་པ་ཨེ་ཡིན་སྙམ། འདིའི་སྐོར་བརྩམས་ཆོས་རང་གི་རྣམ་འགྱུར་དང་། རྩོམ་རང་དུ་ཡང་《འཆི་མེད་མཛོད་》དང་《སྙན་ངག་མེ་ལོང་》གཉིས་ལས་ཟུར་ལྟའི་ཡིག་ཆ་བཀོད་མེད་པ་ལས་ཀྱང་ཤེས། གཞན་སྙན་ངག་གི་ངོས་ནས་དང་《སེམས་ཀྱི་རྣམ་པར་ཐར་པའི་རྒྱན།》(དོན་རྒྱན་དང་སྒྲ་རྒྱན་གྱི་སྦྱོར་ཐབས་མང་པོས་སེམས་ཀྱི་རང་བཞིན་བརྗོད་པའི་རྩོམ་ཞིག།) 《དམ་པ་རྣམས་ལ་བསྙད་པའི་སྙན་དངགས་ཀུན་དགའ་མཛེས་པའི་དཔལ་ལྡན་》(དམ་པ་རྣམས་ལ་སྙན་ངག་གི་ལམ་ནས་སྤྲིངས་པའི་འཕྲིན་ཞིག།)སོགས་ཀྱང་བརྩམས་ཡོད་མོད་བརྒྱུད་ཁུངས་ཇི་ལྟར་ཡིན་མིན་སྔར་བཞིན་མི་གསལ། ངེས་ཅན་གྱི་ཁྲིད་རྒྱུན་མེད་པ་དང་སྙན་འགྲེལ་གང་ཞིག་གཙོ་བོར་མ་བཟུང་བ་དེ་ཡང་ཁོང་གིས་རང་རྐྱ་ཐུབ་པའི་རྩོམ་གཞུང་ཐུང་ངུ་འདི་རྩོམ་ཐུབ་པའི་རྐྱེན་ལྟ་བུར་གྱུར་ཡོད་ཅེས་ཀྱང་བརྗོད་ཆོག།

     ཡང་ཁོང་གི་བྱུང་བ་བརྗོད་པའི་བརྩམས་ཆོས་《རང་གི་ཚུལ་མདོར་བརྗོད་པ་གཏམ་ཡིག་རིན་པོ་ཆེའི་ཕྲེང་བ་》རུ། “རྒྱས་པར་ཐོབ་ཡིག་ནང་དུ་གསལ་གྱུར་པས།། འདིར་ནི་རེ་ཞིག་སྤྲོས་པ་ཆོག་པར་ཟད།།”ཅེས་པ་ལས། ཁོང་གིས་ཐོབ་ཡིག་ཅིག་ཀྱང་བརྩམས་ཡོད་སྙམ་ཀྱང་གསུམ་འབུམ་པར་མ་དག་ལས་མ་རྙེད། ཁོང་གི་སློབ་མ་ལ་ཆོས་ཀྱི་རྗེ་དེ་བཞིན་གཤེགས་པ་དང༌། བཀའ་བཞི་པ་རིགས་པའི་རལ་གྲི། རྫ་དགོན་ཀུན་སྤངས་ཆོས་ཀྱི་ཡེ་ཤེས། འགེར་ཉག་རྟོགས་ལྡན་ཆོས་དཔལ་ཡེ་ཤེས། ཟུར་དགོན་བཀའ་བཞི་བ་རིན་ཆེན་དཔལ། རི་མི་འབབས་པ་བསོད་ནམས་རིན་ཆེན། ལྷ་གཟིགས་རིན་ཆེན་རྒྱལ་མཚན། འཁྲུལ་ཞིག་བསོད་ནམས་འབུམ། ཆུ་ཚན་ཁ་བ་ཤེས་རབ་དཔལ། སོག་དཔོན་རིག་རལ། འགེར་ཉག་རྟོགས་ལྡན། སྲིད་དཀར་སངས་ཤེ། བ་ཡོ་ཆོས་བཟང་བ། དཔོན་གྲགས་པ། བླ་མ་རིན་བཟང་དཀར་པོ་སོགས་སློབ་མའི་ཚོགས་ཆེར་རྒྱས་ན་ཡང་། ཁོང་གི་《བསྟན་བཅོས་རྩོམ་པ་ལ་འཇུག་པ་》ཞེས་པའི་བརྩམས་ཆོས་གང་དེར་འགྲེལ་བསྐྱོན་པ་དང་། སྙན་ངག་ཕྱོགས་ནས་ལྟ་བའི་རྒྱུན་སྤེལ་བ་སོགས་མེད་པ་འདྲ་བས་དེ་བཞིན་གྱི་ཤན་ཤུགས་ཀྱང་ཆུང་།

________

1.  ཞྭ་དམར་མཁའ་སྤྱོད་དབང་པོ། བསྟན་བཅོས་རྩོམ་པ་ལ་འཇུག་པ་སྙན་དངགས་ཨུཏྤལའི་དྲི་བསུང་།//《ཞྭ་དམར་མཁའ་སྤྱོད་དབང་པོ་ཡི་གསུང་འབུམ།》(གསུང་སྒྲོས་ཐོར་བུ་སྣ་ཚོགས་ཀྱི་སྐོར།) སྣ་རིང་པར་མ། ཤོག་ངོས339
2.  དབྱུག་པ་ཅན་གྱིས་བརྩམས། དཔང་ལོས་འགྱུར་བཅོས་བྱས། 《སྙན་ངག་མེ་ལོང་།》 སྣར་ཐང་དགོན་གྱི་སྣ་རིང་པར་མ། ཤོག་ངོས་163
3.  བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ།//《དཔལ་ས་སྐྱའི་བཞེད་གཞུང་པོད་ཆེན་དྲུག་གམ་གྲགས་ཆེན་བཅོ་བརྒྱད་ལས་ཕར་ཕྱིན་སྐོར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་227
4. ཞྭ་དམར་མཁའ་སྤྱོད་དབང་པོ། བསྟན་བཅོས་རྩོམ་པ་ལ་འཇུག་པ་སྙན་དངགས་ཨུཏྤལའི་དྲི་བསུང་།//《ཞྭ་དམར་མཁའ་སྤྱོད་དབང་པོ་ཡི་གསུང་འབུམ།》(གསུང་སྒྲོས་ཐོར་བུ་སྣ་ཚོགས་ཀྱི་སྐོར།) སྣ་རིང་པར་མ། ཤོག་ངོས་341
5. དེ་བཞིན་དུ། དགོངས་པ་ཅན་གྱི་རྒྱན་འདི་ལ་དཔེར་བརྗོད་འཇོག་དགོས་མིན་གྱི་ཐད་ནས་བཞེད་སྟངས་གསུམ་འདུག་སྟེ།དཔང་ལོ། འཇུ་མི་ཕམ། བོད་མཁས་པ། སི་ཏུ་པཎ་ཆེན།  འབྲུལ་ཁམས་སྤྲུལ་སོགས་ཀྱིས་སྔ་མའི་རྒྱན་ཀུན་ལ་ཁྱབ་པས་དཔེར་བརྗོད་ལོགས་སུ་མི་དགོས་པར་འདོད། རྒྱལ་དབང་ལྔ་པ།  ས་སྐྱ་ངག་དབང་ཆོས་གྲགས། དབྱངས་ཅན་དགའ་བློ་སོགས་ཀྱིས་དཔེར་བརྗོད་ལོགས་སུ་དགོས་པར་འདོད། འཇམ་དབྱངས་བཞད་པའི་རྡོ་རྗེས་“དེ་བཞིན་སྦྱར་བའི་སྙན་ངག་དགོངས་པ་ཅན།། སོ་ལྔ་བགྲང་ཕྱིར་ཟུར་དུ་འདོད་དགོས་ཀྱང་།། དཔེར་བརྗོད་མེད་ཕྱིར་གཞན་དུ་བཞག་དཀའ་བས།། ཆད་དམ་གཉིས་པ་དཔེ་ཡིན་དཔྱད་དགོས་ཉིད།།”ཞེས་རྩ་བའི་ཚིགས་བཅད་གཉིས་པ་དཔེར་བརྗོད་ཨེ་ཡིན་སྙམ་པའི་ཐེ་ཚོམ་བཅངས་པ་གསུམ་ཡོད།
6. ཡང་ཁོང་གིས་བརྩམས་པའི་《རྒྱན་སོ་ལྔའི་རབ་ཏུ་དབྱེ་བ་》ཞེས་པར། དོན་རྒྱན་ལ་སོ་ལྔ་ཞེས་ཚིག་གིས་སྦྱར་ཞིང་། བརྩམས་ཆོས་འདི་《སྙན་དངགས་མེ་ལོང་》ལས་རྒྱན་གྱི་རྣམ་གྲངས་སྐོར་མདོར་བསྡུས་སྒོས་བརྗོད་པ་ཞིག་སྟེ། འདི་ག་《བསྟན་བཅོས་རྩོམ་པ་ལ་འཇུག་པ་སྙན་ངག་ཨུཏྤལའི་དྲི་བསུང་》གི་སྔོན་ལ་བརྩམས་པར་འདོད། ཞྭ་དམར་མཁའ་སྤྱོད་དབང་པོ། རྒྱན་སོ་ལྔའི་རབ་ཏུ་དབྱེ་བ།//《ཞྭ་དམར་མཁའ་སྤྱོད་དབང་པོ་ཡི་གསུང་འབུམ།》(གསུང་སྒྲོས་ཐོར་བུ་སྣ་ཚོགས་ཀྱི་སྐོར།) སྣ་རིང་པར་མ། ཤོག་ངོས་496-501
7. ཞྭ་དམར་མཁའ་སྤྱོད་དབང་པོ། བསྟན་བཅོས་རྩོམ་པ་ལ་འཇུག་པ་སྙན་དངགས་ཨུཏྤལའི་དྲི་བསུང་།//《ཞྭ་དམར་མཁའ་སྤྱོད་དབང་པོ་ཡི་གསུང་འབུམ།》(གསུང་སྒྲོས་ཐོར་བུ་སྣ་ཚོགས་ཀྱི་སྐོར།) སྣ་རིང་པར་མ། ཤོག་ངོས་351
8. ཞྭ་དམར་མཁའ་སྤྱོད་དབང་པོ། བསྟན་བཅོས་རྩོམ་པ་ལ་འཇུག་པ་སྙན་དངགས་ཨུཏྤལའི་དྲི་བསུང་།//《ཞྭ་དམར་མཁའ་སྤྱོད་དབང་པོ་ཡི་གསུང་འབུམ།》(གསུང་སྒྲོས་ཐོར་བུ་སྣ་ཚོགས་ཀྱི་སྐོར།) སྣ་རིང་པར་མ། ཤོག་ངོས་352-354
9. ཡང་ཁོང་གི་《ཚངས་དབྱངས་རྒྱ་མཚོའི་རླབས་ཕྲེང་》ཞེས་བྱ་བའི་བསྟོད་རྩོམ་དུ། “སྙན་དངགས་རྒྱན་བཞིས་བསྟོད་པའི་མཐུས།། འགྲོ་བ་མ་ལུས་སྙན་དངགས་ཀྱིས།། རྒྱན་དང་རབ་ཏུ་ལྡན་པར་ཤོག།།”ཅེས་གསལ་བ་སོགས་ལས། རྩོམ་པ་གང་ཡིན་ལ་རྒྱན་བཞི་གལ་ཆེ་བའི་ལྟ་བའི་སྐོར་རྩོམ་གཞན་ལས་ཀྱང་ཟུར་ཙམ་རྟོགས་ཡོང་།  ཞྭ་དམར་མཁའ་སྤྱོད་དབང་པོ། ཚངས་དབྱངས་རྒྱ་མཚོའི་རླབས་ཕྲེང་།//《ཞྭ་དམར་མཁའ་སྤྱོད་དབང་པོ་ཡི་གསུང་འབུམ།》(གསུང་སྒྲོས་ཐོར་བུ་སྣ་ཚོགས་ཀྱི་སྐོར།) སྣ་རིང་པར་མ། ཤོག་ངོས་440
10 དྲི་མེད་འོད་ཟེར། ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན།//《དྲི་མེད་འོད་ཟེར་གྱི་གསུངས་ཐོར་བུ།》(པོད་གཉིས་པ།)སྡེ་དགེའི་སྣ་རིང་པར་མ། ཤོག་ངོས་447 (རྩོམ་རང་གི་མཇུག་ཏུ་“མཁས་པའི་གྲོགས་དག་གིས་བསྐུལ་བའི་དོན་དུ། མང་དུ་ཐོས་པའི་སྙན་ངག་མཁན། ཚུལ་ཁྲིམས་བློ་གྲོས་ཀྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་སྙན་ངག་མེ་ལོང་དང་བསྟུན་ནས་རེ་ཞིག་སྦྱར་བའོ།།”ཞེས་གསལ་བས་རྩོམ་འདི་ཚུལ་ཁྲིམས་བློ་གྲོས་ཞེས་པའི་ཡིན་ནམ་ཡང་སྙམ་མོད། འོན་ཀྱང་། བསྡུ་བའི་སྐབས་སུ་དཀར་ཆག་མང་པོར་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་གསུང་འབུམ་ཁུངས་སུ་བསྡུས་འདུག)
11 སྐྱོགས་སྟོན་ལོ་ཙཱ་བ། སྙན་ཚིག་གི་ངོ་མཚར་གྲངས་མེད་འཆར་བར་བྱེད་པའི་རྣམ་དཔྱོད་རྒྱན་གྱི་མེ་ཏོག།//《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས།》 (པོད་གསུམ་པ།) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་493-567
12  ཞྭ་དམར་མཁའ་སྤྱོད་དབང་པོ། བསྟན་བཅོས་རྩོམ་པ་ལ་འཇུག་པ་སྙན་དངགས་ཨུཏྤལའི་དྲི་བསུང་།//《ཞྭ་དམར་མཁའ་སྤྱོད་དབང་པོ་ཡི་གསུང་འབུམ།》(གསུང་སྒྲོས་ཐོར་བུ་སྣ་ཚོགས་ཀྱི་སྐོར།) སྣ་རིང་པར་མ། ཤོག་ངོས་357
13 ཞྭ་དམར་མཁའ་སྤྱོད་དབང་པོ། བླ་མ་ལ་བསྟོད་པའི་ཡིད་འོང་དྲ་བའི་སྤྲིན།//《ཞྭ་དམར་མཁའ་སྤྱོད་དབང་པོ་ཡི་གསུང་འབུམ།》 སྣ་རིང་པར་མ། ཤོག་ངོས་293-294

རྩོམ་ཁུངས། མཆོད་མེ་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཞྭ་དམར་མཁའ་སྤྱོད་དབང་པོའི་“རྒྱན་བཞིའི་”རྩོམ་གཞུང་།

2022-09-30 བྱམས་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།