ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གསར་པ། 《ཆེས་མཐའ་མཇུག་གི་ཆེས་ཆེ་བ།》

ཚེ་རིང་དོན་གྲུབ།(ཟི་ལིང) 琼迈文学网 2026-11-15

  “ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས……”ཡས་མཆུའི་མཐུག་ཚད་ལ་སོར་ཆུང་གང་དང་མས་མཆུའི་མཐུག་ཚད་ལའང་ཕལ་ཆེར་དེ་ཙམ་ཡོད་པའི་ཁ་ཤ་མཐུག་པོ། སྟོབས་པོ། སྨུག་པོ། ཆེན་པོའི་ནང་ན་ཡ་སོ་རྫུན་མ་སྟར་ཕྲེང་གཅིག་ཅན་གྱི་མི་དེས་དེ་ལྟར་བཤད།

  རྩེ་གཞུང་རྫོང་གི་རྫོང་དཔོན་ཟུར་པ་གསང་བདག་གི་སྙིང་དང་ཀླད་པར་གཟེར་ཤད་ཅིག་བརྒྱབ། ལུས་ལ་ཚ་བ་རྒྱས། ཁྲག་ཤེད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་པ་རང་གིས་ཚོར་ཐུབ། ལག་པ་འདར་ནས་ཐུར་མའང་འཆོར་ལ་ཁད་བྱས། གལ་ཏེ་སྐབས་འདིར་སུ་ཞིག་གིས་ཁོའི་ངོ་གདོང་ལ་དོ་སྣང་བྱས་ཚེ་ངོ་མདངས་རྦད་དེ་ཤོར་ནས་འདིའི་སྔོན་དང་བསྡུར་ན་མི་གཉིས་སུ་གྱུར་འདུག་པས“ཅི་རེད། ཁྱོད་ལ་ཅིག་བདེ་གི་མེད་པ་མིན་ནམ།”ཞེས་འདྲི་སྲིད། ཡིན་ཡང་མི་རྣམས་སྔར་བཞིན་ཟ་འཐུང་དང་ཁ་བརྡའི་ནང་ལ་ཐིམ་ཞིང་། མཚམས་རེར་ཧབ་ཆ་རྒྱག་བཞིན་འདུག ལྷག་པར་དུ་ཁ་མཐུག་ཁ་ཆེ། སོ་རྫུན་ཁ་གང་ཅན་དེས་ཅི་ཞིག་བཤད་ཞོར་དྲག་ཏུ་བགད་ནས་སོ་ཕྲེང་རྫུན་མ་དེ་ཡང་ཡང་ཁ་ནང་ནས་ལྷུང་ལ་ཁད་བྱེད་བཞིན་པ་ཁོའི་མིག་ལམ་ན་གསལ་ལེར་འདུག འོན་ཀྱང་ལྐུགས་གར་ལ་བལྟས་པ་ཇི་བཞིན་མི་དེ་ཚོས་ཅི་ཞིག་བཤད་བཞིན་པ་ཁོའི་རྣ་ལམ་དུ་སྐད་ཆ་ཚིག་འབྲུ་གཅིག་ཀྱང་ཡོང་རྒྱུ་མེད།

  ཕལ་ཆེར་ལོ་དྲུག་གི་ཡར་སྔོན་ཏེ། ཁོའི་གོ་གནས་ཤོར་བ་དང་དུས་མཚུངས་སུ་རྒན་ཡོལ་བྱས་ནས་ཅང་མ་འགོར་བའི་ཉིན་ཞིག་མི་གཉིས་ཁོ་བཙལ་དུ་ཡོང་སྟེ“ང་ཚོ་ཁུལ་སྒྲིག་ཨུའི་ཡིན……”ཟེར་བ་ན་ད་ལྟ་ནང་བཞིན་ཁོའི་སྙིང་དང་ཀླད་པར་གཟེར་ཤད་ཅིག་བརྒྱབ། ལུས་ལ་ཚ་བ་རྒྱས། ཁྲག་ཤེད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་པ་རང་གིས་ཚོར་ཐུབ། བལྟས་བལྟས་རིག་རིག་ལ་ངོ་མདོག་སྐྱ་བོར་གྱུར་ཅིང་། ཁ་ཤ་ལྷབ་ལྷུབ་འདར་ནས་སྐད་ཆ་བཤད་མ་ཐུབ་པས་མི་དེ་གཉིས་ཀྱིས་ཀྱང་སེམས་ཁྲལ་བྱས་ཏེ་ཕན་ཚུན་གྱི་ངོ་ལ་གཅིག་བལྟས་རྗེས“ཁྱོད་འཚབ་མི་དགོས། ངེད་གཉིས་དོན་དག་ཅིག་རྒྱུས་ལོན་བྱེད་དུ་ཡོང་བ་ཙམ་ཡིན།”ཞེས་བཤད་ནའང་དེ་གཉིས་ཀྱི་ཁ་འགུལ་བཞིན་པ་གསལ་པོར་མཐོང་བ་ལས་སྐད་ཆ་ཚིག་འབྲུ་གཅིག་ཀྱང་གོ་རྒྱུ་མེད། ཡིན་ཡང་མི་དེ་གཉིས་ཀྱི་གདོང་ན་དྲག་ཤུལ་དང་རྫིག་ཉམས་ཅི་ཡང་མེད་པར་མ་ཟད་ད་དུང་གུས་ཉམས་ཅུང་ཙམ་ཡོད་པ་འདྲ་བས་རིམ་བཞིན་རྣམ་རིག་ཇེ་གསལ་དུ་སོང་བ་དང་། དེའི་མུར་མི་དེ་གཉིས་ཀྱི་སྐད་ཆའང་གསལ་པོར་ཐོས། དེ་ནི“ཆེས་མཐའ་མཇུག་གི་ཆེས་ཆེ་བའི”སྐོར་མིན་ལ། ཐ་ན་དེ་དང་རིགས་འདྲ་བའི་སྐོར་ཡང་མིན་པར་ཁོས་འོས་སྦྱོར་བྱས་པའི་མི་ཞིག་མགོ་ཁྲིད་ལས་གནས་སུ་བཞག་པ་དེ་རྩ་འཛུགས་ཀྱི་འགྲོ་ལུགས་གང་ཞིག་མ་བརྒྱུད་པས་སྒྲིག་འགལ་ཡིན་རབས་ཟེར། དེ་མ་ཐག་ཁོའི་སེམས་པ་རྦད་དེ་ལྷོད་ལ་བབས་པར་མ་ཟད་ད་དུང་སྤོབས་པ་རྒྱས། ཐ་ན་ཁོ་གོ་གནས་སུ་ཡོད་དུས་ཀྱི་ཉམས་འགྱུར་དེ་ཡང་བསྐྱར་ཕྱིར་མངོན་ནས་གྲང་ཤུར་ཤུར་གྱིས“ངས་མི་དེ་བྱ་བར་ཧུར་བརྩོན་ཆེ་བས་ཡར་འཐེན་བྱས་ན་འགྲིག་ཅེས་འོས་སྦྱོར་བྱས་པ་ཙམ་ཡིན། ཡར་འཐེན་བྱེད་མིན་རྩ་འཛུགས་པུའུ་དང་། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་དག་རེད།”ཅེས་བཤད།

  “དེ་དུས་ཁྱོད་ཀྱང་རྫོང་ཨུའི་རྒྱུན་ཨུ་ཡིན་ནམ།”

  “ཡིན་ཡ།”

  “ང་ཚོས་རྩད་གཅོད་བྱས་པ་ལྟར་ན་མི་དེ་ཁྱོད་ཀྱི་ཤ་ཉེ་ཞིག་ཡིན་པ་འདྲ།”

  “ཧེ་ཧེ། དེ་ཡིན་ན་ཐང་། ས་ཆ་ཆུང་ཆུང་འདི་ན་ཕན་ཚུན་ཉེ་འབྲེལ་མེད་པ་ཧ་ཅང་ཉུང་།”

  “……”

  རྗེས་སུ་ཡང་བསྐྱར་ཁོ་བཙལ་དུ་ཡོང་མཁན་མེད་ལ། ཁོས་འོས་སྦྱོར་བྱས་པའི་མི་དེ་འགྲོ་ལུགས་གང་ཞིག་མ་བརྒྱུད་པར་སྒྲིག་འགལ་གྱིས་ཡར་འཐེན་བྱས་སོང་ཟེར་ནས་གོ་གནས་བླངས། དེ་ནི་ཁོ་ལ་མཚོན་ན་སེམས་ཁྲལ་བྱེད་དགོས་པ་ཞིག་གཏན་ནས་མ་རེད། ཁོས་སེམས་ཁྲལ་བྱེད་ས་ནི“ཆེས་མཐའ་མཇུག་གི་ཆེས་ཆེ་བ”དང་། དེ་དང་རིགས་འདྲ་བ་དག་རེད། ལྷག་པར་དུ་ན་ནིང་དོ་ཚིགས་མི་འཛིན་རྒྱུ་ཇེ་མང་ནས་ཇེ་མང་ཡིན་ལ། འབྲོག་པ་ཚོའི་སྐད་ཆ་ལྟར་ན“མགོ་ཁྲིད་ཚོ་སྟར་ལ་རྒྱག་བཞིན་ཡོད”པས་ཁོའི་སེམས་ཁྲལ་ཡང་ཇེ་ཐུ་ནས་ཇེ་ཐུ་ཡིན། རྒྱུ་འབྲས་ཀྱི་སྐད་ཆ་ཞིག་བཤད་ན་མི་བཅུ་འཛིན་དགོས་ཚེ་ཁོ་དེའི་ནང་དུ་ཚུད་ཡོད་མེད་མི་ཤེས་ལ། གལ་ཏེ་ཚུད་མེད་ནའང་རྒྱུ་འབྲས་ཟེར་བ་ཞིག་གང་ན་ཡོད།

  སོ་རྫུན་ཅན་དེས་ད་རུང་བཤད་ཞོར་དགོད་ཞོར་བྱེད་ཀྱིན་འདུག་ལ། ཁོའི་རྣ་ལམ་དུ་དེའི་སྐད་སྒྲའང་ཅུང་ཇེ་གསལ་དུ་ཡོང་། ཡིན་ནའང་ཁོའི་བསམ་པ་སྔར་བཞིན“རྫོང་རེ་ནས་མི་བཅུ་རེ་འཛིན་དགོས།”དང་། “ཆེས་མཐའ་མཇུག་གི་ཆེས་ཆེ་བ།”སོགས་ཀྱི་སྟེང་ན་ཡོད་པས་སོ་རྫུན་ཅན་གྱིས་མཐར་གཏུགས་ན་ཅི་ཞིག་བཤད་བཞིན་པ་ཀླད་པའི་ནང་ལ་ཚིག་འབྲུ་གཅིག་ཀྱང་ཡོང་ཐབས་མེད།

  ཁོས“དྲང་མོ་དྲང་གཞག་གམ་ནག་ཉེས་ཀྱི་ཆེ་ཆུང་ངམ། ཧམ་ཟོས་དང་ལྐོག་རྔན་གྱི་གྲངས་འབོར་ལྟར་མི་བཅུ་འཛིན་དགོས་ན་ཀྲའོ་ཧྲུའུ་ཅི་བཤད་ཅི་དགོས།”བསམ་བཞིན་མཐེ་བོང་ལག་མཐིལ་དུ་བཀུག “སུན་ཧྲུའུ་ཅི་བཤད་ཅི་དགོས།”བསམ་བཞིན་མཐེ་བོང་སྟེང་ལ་གོང་མཛུབ་མནན། “ཀྲུའུ་ཞན་ཀྲང……”བསམ་བཞིན་དཀྱིལ་མཛུབ་མནན་པ་དང་། “འོ། དེ་གོ་གནས་འཕར་ནས་ཟི་ལིང་ལ་སོང་མ་ཐག་བཟུང་བཞག་རབས་ཡོད།”བསམ་བཞིན་དཀྱིལ་མཛུབ་ཕྱིར་ཀེར། “ཨང……དཔལ་ལྡན་ཞན་ཀྲང་ཡང་འཆོར་ས་མེད།”བསམ་བཞིན་དཀྱིལ་མཛུབ་མར་མནན། “སི་མཱ་ཀྲུའུ་ཞི་ཡང་བཤད་ཅི་དགོས།”བསམ་བཞིན་སྲིན་མཛུབ་མར་མནན་པ་དང་། ཡང“འོ། ཁོའི་རྒྱབ་རི་ཆེ་བས་འཛིན་ཐུབ་རྒྱུ་མ་རེད།” བསམས་ནས་སྲིན་མཛུབ་ཕྱིར་ཀེར། “དེ་རེད། ད་རུང་ཝང་ཁྱི་སྨྱོན། དེས་གཞུང་རྒྱུ་ཟོས་ཤིང་ལྐོག་རྔན་འབོར་ཆེན་བླངས་པའི་མི་ཚད་རང་གི་མིག་ལ་མི་འགྲོ་བ་ལ་ལའི་གོ་གནས་བླངས་པ་དང་། ལ་ལར་ཆད་པ་བཅད་པ་སོགས་མི་སྒེར་ལ་གནོད་པ་བཏང་བའང་ཧ་ཅང་མང་། དེའི་ཕྱིར་རྩེ་སྟོད་རྫོང་ལ་ལས་གནས་སྤར་ནས་སོང་བའི་དགོང་མོར་ཚང་མ་དགའ་ནས་མཚན་གང་བོར་ཤོག་སྦག་བརྒྱབ་པ་མིན་ནམ། དེ་གཏུག་མཁན་མེད་ན་གཞན་པ་གཏུག་དགོས་དོན་མེད།”བསམ་བཞིན་མཛུབ་ཆུང་མར་མནན། “འོ་དེ་རེད། ལོའུ་ཁ་ཤོའི་ཐུ་ཞིག་སུ་ཡོད། དེས་བཞབས་སོང་། བཞབས་སོང་། དེ་དང་བསྡུར་ན་རང་གི་ཁ་ལ་ཐུག་ལྷག་ཙམ་ཡང་ཡོང་མེད་ཅེས་བཤད་ཀྱང་ཆོག”བསམ་བཞིན་མཛུབ་ཆུང་ཕྱིར་ཀེར། “ཨང……ཨ་ལགས་འབྲོང་གི་ཞི་ལུ་བར་མ་དེ་ཡང་ཐུ། དེས་ཕྱུགས་ལས་ཅུའུ་བཞབས་སོང་། ཐ་ན་གཞུང་ལས་ཁང་གི་ཅོག་ཙེ་ཨོང་སྟེགས་ཀྱང་མ་བསྐྱུར་རབས་ཟེར། གལ་ཏེ་ལག་ལ་ཤོར་ཚེ་ཉུང་ནའང་ལོ་ལྔ་དྲུག་གི་ཁྲིམས་ཐག་བསམ་རྒྱུ་མེད།”བསམ་བཞིན་སུན་མཛུབ་ཕྱིར་ཀེར་ཞོར་མཆུ་ཏོའང་འགུལ་ཙམ་བྱས།

  ཁོའི་གཡོན་ཕྱོགས་ཀྱི་སྐྲ་ནག་ཀྲིག་ཀྲིག་ཁ་མདོག་བསྒྱུར་འདུག་པའི་ཞབས་ན་སྐྲ་དཀར་པོ་སོར་ཆུང་གང་ཙམ་སྐྱེས་ཏེ་བལྟས་མ་ཐག་ཏུ་སྐྲ་གནོན་དཀར་པོ་ཞིག་གོན་ཡོད་པ་འདྲ་ཞིང་། རྟ་རྒན་ལོ་ལོན་ཞིག་དང་འདྲ་བར་མས་མཆུ་སྔོ་ནག་ཐུར་དུ་འཕྱང་འདུག་པའི་མི་དེས“ཁྱོད་ཀྱིས་ཅི་ཞིག་རྩི་བཞིན་ཡོད།”ཅེས་དྲིས།

  ཁོས་ཅི་མི་སྙམ་པར“གལ་ཏེ་མི་བཅུ་འཛིན་དགོས་ཚེ་ཁྱོད་ཀྱིས་བལྟས་ན་སུ་སུ་ཡིན་རྒྱུ་རེད།”ཅེས་ཁ་ནས་ཤོར།

  མི་དེའི་མས་མཆུ་སྔོ་ནག་ཅན་གྱི་ཁ་དེ་སྔར་ལས་ཐུར་དུ་དྲུད་ཅིང་། འདྲི་རྟགས་ཤིག་དང་འདྲ་བར་ཡ་མཚར་བའི་ངང་ཁོའི་ངོ་ལ་བལྟས་འདུག་པ་ལས་སྐད་ཆ་མེད་པར་བལྟས་ན་གོང་ནས་སོ་རྫུན་ཅན་གྱིས་བཤད་པའི“ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས……”ཞེས་པ་དེ་མ་གོ་བའམ་ཡང་ན་དོ་སྣང་མ་བྱས་པ། ཡང་ན་བརྗེད་འདུག་པ་ཁོ་ཐག་རེད།

  ཁོས་ཀྱང་གོང་གི་སྐད་ཆ་དེ་བསྐྱར་ཟློས་མ་བྱས་པར་མི་དེར་ཨུ་ཚུགས་ཀྱིས་འཛུམ་ཆུང་ཞིག་སྟོན་ཞོར་ཐུར་མ་ལག་ཏུ་བླངས། ད་ནི་ལག་པ་དེ་འདྲ་འདར་གྱིན་མེད་པས་སུར་པན་ཤ་བརྔོས་ནང་གི་ཤ་ལེབ་མོ་ཞིག་བདེ་བླག་ངང་ཟིན་ཏེ་ཁ་ནང་དུ་བླངས་ནས་བལྡད་མོད། འོན་ཀྱང་བྲོ་བ་ཅི་ཡང་ཚོར་རྒྱུ་མེད་པས་མུ་མཐུད་དུ་མ་ཟོས་པར་ཐུར་མ་ཕྱིར་བཞག དེ་ནས་བཟུང་ཟས་ཀྱི་བྲོ་བ་དེ་འདྲ་མི་ཚོར་བ་དང་། ཟས་ལ་དེ་འདྲའི་ཡི་གའང་མེད། དུས་མཚུངས་སུ་གཉིད་དུ་ཡུར་དཀའ་ལ། སྨན་ལ་བརྟེན་ནས་གཉིད་དུ་ཡུར་ནའང་རྨི་ལམ་ངན་པས་གཙེ་བ། ཉིན་མཚན་གཉིས་ཀར་སོ་རྫུན་ཅན་གྱིས“ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས……”ཞེས་བཤད་བཞིན་པའི་ཆེ་ཞིང་མཐུག་ལ། སོ་རྫུན་མ་ཅན་གྱི་ཁ་དེ་མིག་ལམ་ནས་ཡལ་རྒྱུ་མེད་པ་དང་། དུས་མཚུངས་སུ“ཆེས་མཐའ་མཇུག་གི་ཆེས་ཆེ་བ།” ད་དུང་གལ་ཏེ་རང་ཉིད་བཟུང་ཚེ་འབྲེལ་བ་སྣ་ཚོགས་བརྒྱུད། འགྲོ་སོང་གང་མང་བཏང་ནས་བུ་དང་མནའ་མར་གོ་གནས་རེ་ལོན་པ་དེའང་མི་བརྟན་ཁོ་ཐག་ཡིན་བསམས་པ་དང་། དེའི་མུར་ཞི་ལུའི་སྒོར་མོ་ས་ཡ་གཅིག་ལྷག་གི་རིན་གྱི་རླངས་འཁོར་རྫིག་པོ་དེ་མ་གཞི་ནས་ཚང་མའི་མིག་ལ་འགྲོ་གི་མེད་པས་རེམ་པར་མེད་བྱོས་ཞེས་ཡང་ཡང་བཤད་ནའང་ཁ་མི་ལེན་པ་དྲན་ནས་ཁོང་ཁྲོ་ལངས་པ་སོགས་ཀྱིས་མནར་གཅོད་བྱས་ཏེ་ཡུན་རིང་མ་འགོར་བར་མིག་གཉིས་ལྐོག་ཏུ་ལྷུང་། ལུས་ཀྱི་ཤ་ལྷུང་། སྔོན་གྱི་དབོ་ལུག་ལུག་དེ་སྟོང་བར་གྱུར་ཅིང་བ་གླང་གི་ལྐོག་ཤལ་འདྲ་བའི་སྐྱི་མོ་ཞིག་མར་དཔྱངས་འདུག་པ་དང་། འགུལ་སྐྱོད་བྱས་ན་སྐྱི་མོ་དེ་ཕར་གཡུག་ཚུར་གཡུག་བྱེད་པས་སུན་སྣང་སྐྱེ་བ་ཞིག་རེད། ངོ་ཤེས་རེར་ཐུག་ན་ཧ་ལས་པའི་མིག་མདངས་ཀྱིས་ལྟ་ཞིང་། ཨ་ཧོ། སྙིང་རྗེ། གཅིན་སྙི་ཟ་ཁུ་བྱུང་འདུག་བསམ་བཞིན་ཡོད་པ་ཁོ་ཐག་རེད། སྤྱིར་བཏང་དུ་ལུས་ཕུང་ཚོན་པོ་དང་ཁྲག་ཤེད་མཐོན་པོ་ཅན་གྱི་ཁོ་ལ་མཚོན་ན་འདི་དོན་བཟང་ཞིག་ཏུ་རྩིས་ཆོག་ན་ཐང་མོད། འདི་དང་འབྲེལ་བའི་སྡུག་བསྔལ་སྣ་ཚོགས་ཐ་ན་ཁོའི་ཆུང་མ་བུ་ཕྲུག་ཚོས་ཀྱང་ག་ལ་ཤེས།

  རང་འགུལ་གྱིས་གནད་དོན་ངོས་ལེན་བྱས་ན་གུ་ཡངས་ཡོད་པའི་འབོད་སྐུལ་གཏོང་བཞིན་ཡོད། རྩེ་སྟོད་རྫོང་གི་རྫོང་དཔོན་ཟུར་པ་རབ་གསལ་ནག་ཐོས་རང་འགུལ་གྱིས་གནད་དོན་ངོས་ལེན་བྱས་ཤིང་། ཧམ་ཟོས་དང་ལྐོག་རྔན་བླངས་པའི་ནག་དངུལ་སྒོར་འབུམ་ལྔ་ཡར་སྤྲད་པས་ཁྲིམས་ཐག་མ་བཅད་ཟེར། དེས་ན་འདི་ལྟར་སེམས་ཁྲལ་དང་འཇིགས་སྐྲག་ཁྲོད་མནར་གཅོད་མྱོང་བ་ལས་གནད་དོན་ངོས་ལེན་བྱས་ན་དགའ་བསམས་པ་དང་། ཡང་ལ་ལས་བཤད་ན་གལ་ཏེ་འཛིན་བཟུང་བྱས་ཚེ་ཅི་ཙམ་འཇུན་ཐུབ་ན་དེ་ཙམ་བཟང་ཟེར། དཔེར་ན་ཀྲང་ཧྲུའུ་ཅི་འཛིན་བཟུང་བྱས་ནའང་ཁོས་མཐའ་གཅིག་ཏུ་འཇུན་ནས་ནག་ཉེས་ཅི་ཡང་ཁས་མ་བླངས་པའི་ཁར་སྒྲིག་ཨུས་ཀྱང་བདེན་དཔང་ཁུངས་བཙུན་མ་རྙེད་པས་ཕྱིར་གཏོང་རྩིས་བྱས། ཏག་ཏག་སྐབས་འདིར་རྫོང་འཛུགས་སྐྲུན་ཅུའི་ཅུའུ་ཀྲང་ཝང་ཞུན་ཧན་ཟེར་བ་སྐྲག་ཐག་ཆོད་དེ་རང་འགུལ་གྱིས་གནད་དོན་ཆེ་ཆུང་གཉིས་ཀ ཐ་ན་སུའི་ལག་ནས་ཐ་མག“中华”གདར་ཚད་གཅིག་བླངས་པ་དང་། སུའི་ལག་ནས་ཨ་རག“茅台”དམ་བེ་དོ་བླངས་པ། དེ་བཞིན་རང་གིས་སུ་དང་སུ་ལ་ཅི་དང་ཅི་བྱིན་པ་ཕྲ་ཞིང་ཞིབ་པར་ངུ་ཞོར་བཤད་ཞོར་གྱིས་ངོས་ལེན་བྱས་ཏེ་ཟིན་བྲིས་འདེབས་མཁན་ཡང་ཐང་ཆད་དུ་བཅུག་པའི་སྟེང་ལ་ཡིད་ཆད་དུ་བཅུག དེ་ནི་ངོ་མ“བཙིར་མི་དགོས་བཞུར་གི་འདུག འདྲི་མི་དགོས་བཤད་ཀི་འདུག”ཟེར་བའི་དཔེ་ལྟར་ཡིན་པར་མ་ཟད་ཀྲང་ཧྲུའུ་ཅི་དང་། ཁུལ་འཛུགས་སྐྲུན་ཅུའི་ཅུའུ་ཀྲང་གཙོ་གཞོན་གྱི་གནད་དོན་མང་པོ་ཐེར་འདོན་དང་བདེན་དཔང་བྱས་པས་ཚང་མར་ཁྲིམས་ཐག་བཅད། དེས་ན་རང་འགུལ་གྱིས་ངོས་ལེན་བྱེད་པ་འདིའང“རྒྱ་རྒན་གྱིས་ཅི་བྱེད་མ་ཤེས་གོང་རྒྱ་མོས་རྐང་སྣམ་ཕུད”ཅེས་པའི་དཔེ་ལྟར་བླུན་རྟགས་དཔེ་མེད་ཅིག་ཡིན་ཡང་སྲིད། ཡང་གལ་ཏེ་གནད་དོན་ངོས་ལེན་མ་བྱས་ན་ཚོགས་འདུར་འབོད་འགུག་བྱས་རྗེས་བསམ་གཟས་ཏེ་ཚོགས་ར་ནས་འཛིན་བཟུང་བྱས་པའང་ཡོད་དེ། དཔེར་ན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟླ་གྲགས་ལྟ་བུ་རེད། དེ་ཀྲུའུ་ཞི་སྟེགས་བུའི་སྟེང་ནས་བཟུང་སོང་བ་དང་ཚོགས་འདུའང་རང་ཤུགས་ཀྱིས་གྲོལ་ནས་ཚང་མ་སྒོར་བུད་ཚར། འོན་ཀྱང་ཀྲུའུ་ཞི་སྟེགས་བུའི་སྟེང་གི་མི་བཞི་སོ་སོའི་སྡོད་གནས་ནས་ཡར་ལང་རྒྱུ་མེད་ལ། ཞིབ་ཏུ་བལྟས་ཚེ་བཞི་བོས་གཅིན་པ་ཤོར་འདུག ཡང་ལ་ལས་བཤད་ན་དེའི་ནང་མི་གཅིག་གི་གཅིན་ཤོར་འདུག་པ་བདེན་མོད། གཞན་གསུམ་འཆིང་འདུག་པ་ལས་གཅིན་ཤོར་མེད་ཟེར། གང་ལྟར་ཁ་འདུག་མི་ཐུབ་པ་སུ་ཞིག་གིས་དེ་བཞི་བོར“མི་བསྐྱོད་རྡོ་རྗེ་སྤུན་བཞི”ཞེས་པའི་མཚང་མིང་བཏགས་པ་དེ་མ་ཐག་རླུང་ལྟར་གྲགས། དེ་ཡང་རང་གིས་རྒྱ་ཡིག་རྒྱ་སྐད་ཤེས་པར་རློམ་མཁན་ཞིག་གིས“四大金刚”ཞེས་བསྒྱུར་པ་དེ་ལས་ཀྱང་ཁྱབ་གདལ་དུ་སོང་།

  སོ་རྫུན་ཅན་གྱིས་གཞན་ལ་གོ་སྐབས་མི་སྟེར་བར་མུ་མཐུད་དུ་ཅི་ཞིག་བཤད་བཞིན་ཡོད། ཞིབ་ཏུ་ཉན་ཚེ་ཁོ་རང་ལ་དམིགས་བསལ་གྱི་ལྟ་བ་ཅང་མེད་ནའང་བརྡ་འཕྲིན་མང་པོ་ཡོད་པ་འདྲ། དེ་དང་བསྡུར་ན་མི་གཞན་པ་དག་གི་ཁ་བརྡ་ནི་དྲྭ་ཐོག་ན་འདི་དང་གན་བཤད་ཀྱིན་འདུག་ཟེར་བ་ཙམ་ལས་མེད་དེ། དཔེར་ན་ཁོའི་གཡས་ན་སྡོད་པའི་བྲང་ཁ་ཤིན་ཏུ་ཆེ་ཞིང་། གཡུ་ངོ་མ་གཉིས་ཀྱི་དཀྱིལ་ལ་གཟི་རྫུན་མ་གཅིག་བཅུག་པའི་སྐེ་རྒྱན་བཏགས་པ། ཁ་རྩི་དམར་ནག་བྱུགས་པའི་ཁ་ནང་ནས་ཁ་རུལ་དྲག་པོ་འཐུལ་བཞིན་པ། སྣ་ནང་ལ་མཐེ་བོང་དང་མཛུབ་ཆུང་གིས་རེས་མོས་ཀྱིས་བྲད་ནས་མཚམས་མི་འཇོག་པའི་བུད་མེད་དེས་དྲྭ་ཐོག་ན་དེང་སང་ཚོང་ཁང་ནང་གི་གཡུ་བྱུ་རུ་ཡོད་ཚད་རྫུན་མ་རེད་ཅེས་བཤད་བཞིན་འདུག་ཟེར་བ་ལྟ་བུ་རེད།

  ཕར་བལྟས་ན་ཤེས་ཡོན་ཅན་ནམ། མ་མཐའ་ཡང་རྒན་ཡོལ་བྱས་ཟིན་པའི་སློབ་འབྲིང་དགེ་རྒན་ཞིག་ལོས་ཡིན་བསམས་པའི་མིག་ཤེལ་ཅན། ཞིབ་ཏུ་བལྟས་ན་ངོ་གདོང་ཅུང་ཙམ་གསེག་འདུག་པ། དེ་བས་ཀྱང་ཞིག་ཏུ་བལྟས་ན་ཡས་མཆུ་གསེག་ནས་འགྲེང་བུ་ཞིག་དང་འདྲ་བའི་མི་དེས“མི་འགྱང་བར་དྲྭ་དཔོན་གངས་ཉིལ་གྱིས་བྱ་དགའ་ཨང་དང་པོར་སྒོར་མོ་ཁྲི་བཅུ་ཅན་གྱི་རྡུང་ལེན་འགྲན་བསྡུར་བསྡུ་རྒྱུ་རེད། ཡིན་ཡང་རང་རྫོང་གི་རྡུང་ལེན་པ་གསེར་ལྡན་དེའི་ནང་ལ་མི་ཞུགས་པ་ཁྱབ་བསྒྲགས་བྱས་སོང་།”ཟེར།

  བུད་མེད་བྲང་ཆེ་མས“ཨ་ཙི། ན་ནིང་དེའི་ཨ་མ་ཤི་སོང་ནའང་ད་རུང་ལོ་གསར་དགོང་ཚོགས་ལ་ཞུགས། ད་ལོར་ཅི་མ་ཉན་ནམ།”ཟེར།

  མིག་ཤེལ་ཅན་གྱིས་ཡས་མཆུ་སྔར་ལས་གསེག་བཞིན“ཁོས་དཔྱད་འདེམ་པ་ཚོ་དྲང་མོ་མ་རེད། དེའི་ཕྱིར་འགྲན་བསྡུར་དུ་མི་ཞུགས་ཟེར།”ཞེས་བཤད།

  “……”

  གོ་གནས་ན་ཡོད་པའི་སྐབས་སུ་གསང་བདག་གི་རོལ་རྩེད་གཙོ་བོ་མཱ་ཅང་ཡིན་པར་མ་ཟད་ཁོ་རང་གི་སྐད་ཆ་ལྟར་ན“ཧྲིག་ཆི”(手气)སྟེ་ལག་བསོད་ཧ་ཅང་ཡག་ཅིང་། ཡོང་འབབ་ཀྱང་དེ་བཞིན་མཐོ་བ་ན་དེ་ནི་སྤྱིར་བཏང་གི་རོལ་རྩེད་ཙམ་ག་ལ་ཡིན། ཕངས་པ་ཞིག་ལ་གོ་གནས་ཤོར་ཞིང་རྒན་ཡོལ་བྱས་རྗེས་སྔོན་གྱི“ཧྲིག་ཆི”ཡག་པོའང་གར་སོང་ཆ་མེད་དུ་གྱུར་ཏེ་ཁོའི་སྐད་ཆ་ལྟར་ན“སྐྱག་ལག”ཏུ་གྱུར་འདུག་པས་ད་ལྟ་ཁོའི་རོལ་རྩེད་དམ་གསལ་པོར་བཤད་ན་ཉི་མ་གཏོང་བྱེད་གཙོ་བོ་ནི་བརྙན་འཕྲིན་ཡིན་ལ། བརྡ་འཕྲིན་ཡོང་ཁུངས་ཀྱང་བརྙན་འཕྲིན་དང་། ལྷག་པར་གསར་འགྱུར་མཉམ་སྒྲོག་ལེ་ཚན་ཡིན། ཁོ་ནི་ཉིན་མཚན་གཉིས་ཀར་ཁ་པར་ལག་ནས་མི་གཏོང་མཁན་དེའི་རིགས་མིན་ལ། ཐ་ན་ཁོའི་ཁ་པར་ནང་དུ་འདར་དབྱངས་དང་ཐད་གཏོང་སོགས་ཀྱང་མེད། དེའི་ཕྱིར་དྲྭ་ཐོག་ན་ཅི་ཞིག་བཤད་བཞིན་པར་ཁོ་ལ་ཆ་རྒྱུས་མེད་ལ་སྤྲོ་བའང་མེད། ཁོ་རང་དགའ་སའི་ཁ་བརྡ་ནི་སུ་ཞིག་གོ་གནས་འཕར་བ་དང་གོ་གནས་བརྗེས་པ། ལྷག་པར་དུ་རང་རེའི་ཞིང་ཆེན་དང་ཁུལ། རྫོང་། ལས་ཁུངས་སོ་སོའི་མགོ་ཁྲིད་ལ་སུ་ཞིག་བསྐོ་བཞག་བྱས་པའི་སྐོར་ཡིན་ལ། ན་ནིང་དོ་ཚིགས་མགོ་ཁྲིད་སུ་ཞིག་ལ་ཆད་པ་བཅད་པ་དང་འཛིན་བཟུང་བྱས་པ་ནི་དེ་བས་ཀྱང་དོ་སྣང་བྱེད་ས་གཙོ་བོ་ཡིན།

  སྐབས་འདིར་རྣ་ལ་གཟན་པའི་སྒྲ་སྐྱེད་སྒྲ་སྒམ་ལས་རྒྱ་སྐད་ཀྱིས“བློ་མཐུན་རྣམ་པ། ཞོལ་ནས་རང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། དགུང་ལོ་བརྒྱད་ཅུ་གྱ་གཉིས་ཅན་གྱི་གླུ་མ་གྲགས་ཅན་བྱང་ཆུབ་མཚོ་མོས་ཚང་མར《ཨ་མ་གཅིག་གི་བུ་མོ》ཞེས་པའི་གླུ་དབྱངས་འབུལ་རྒྱུ་རེད། ཚང་མས་དགའ་བསུ་བྱོས།”ཟེར་བ་ན་གསོལ་སྟོན་ཁང་འདི་ཐལ་མོ་རྡེབ་སྒྲས་ཁེངས་སོང་། འུད་བརྗོད་ལ་ཤིན་ཏུ་མཁས་པའི་འབྲོག་པ་ཚོས་བཤད་ཚུལ་ལྟར་ན“ཁ་ཆེན་པོ་སྐེ་ལ་གྱོན་པ”ཟེར་བ་འདི་མིན་ན་སུ་ཡིན་སྙམ་པའི་རྒན་མོ་ལག་རྟེན་ཅན་ཞིག་ཕར་ཡོ་ཚུར་ཡོ་བྱེད་བཞིན་གར་སྟེགས་སུ་བུད། གཡས་ལག་ནང་གི་ལག་རྟེན་གཡོན་ལག་གིས་བཟུང་། གཡས་ལག་གིས་མདོ་འཛིན་པའི་ལག་གི་སྒྲ་སྦུག་བླངས་ཏེ་དེང་སང་རང་རེའི་རྒྱལ་ཁབ་སྟོབས་འབྱོར་ཆེ་ཞིང་དམངས་ལ་བདེ་སྐྱིད་ལྡན་པ། ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་བ། ཨ་རི་དང་འཇར་པན་སོགས་བཙན་རྒྱལ་རིང་ལུགས་ལ་ནམ་ཡང་དོགས་ཟོན་ལྷོད་མེད་བྱེད་དགོས་པ། ས་གནས་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ་ལ་སྔར་ལས་ཤུགས་སྣོན་བྱེད་དགོས་པ་སོགས་མདོར་ན་འདིའི་སྔོན་གྱི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་གི་གཏམ་བཤད་དེའི་ནང་དོན་གནད་བསྡུས་བསྐྱར་ཟློས་ཤིག་བྱས་པར་ཚང་མས་ཡང་བསྐྱར་ཐལ་མོ་བརྡབས། དེ་ནས་མོས་གློ་ལུ་ཆུང་ངུ་ཞིག་གིས་མགྲིན་པ་བསལ་ཙམ་བྱས་རྗེས་སྒྲ་གདངས་ཧ་ཅང་མི་དག་པའི་རྒྱ་སྐད་ཀྱིས།

  “ཉི་མ་དང་ཟླ་བ།

  ཨ་མ་གཅིག་གི་བུ་མོ།

  ཨ་མའི་མིང་ལ་འོད་ཟེར་ཟེར། འོད་ཟེར་ཟེར།

  བོད་རིགས་དང་རྒྱ་རིགས།

  ཨ་མ་གཅིག་གི་བུ་མོ།

  ཨ་མའི་མིང་ལ་ཀྲུང་གོ་ཟེར། ཀྲུང་གོ་ཟེར།

  ……”

  གླུ་དབྱངས་མཇུག་མ་རྫོགས་གོང་མོའི་ལག་གི་སྒྲ་སྦུག་ཤོར་བ་དང་མཉམ་དུ་སྒྲ་སྒམ་ནང་དུ་འགད་རྫས་གས་པ་འདྲ་བའི་ཐག་སྒྲ་ཁྲོག་སྒྲ་ཆོམ་སྒྲ་གྲགས་ཏེ་ཚང་མ་ཧད་དུ་བཅུག་པ་དང་། ལྷག་པར་དུ་གསང་བདག་གི་སྙིང་ལ་ཡང་བསྐྱར་གཟེར་ཤད་ཅིག་བརྒྱབ། ཡིན་ཡང“ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས……”ཞེས་པ་གོ་མ་ཐག་པའི་དུས་དང་བསྡུར་ན་ལུས་སེམས་གཉིས་ཀ་ཅུང་ལྷོད་ལ་བབས་ཡོད་མོད། སྤྱིའི་ཆ་ནས་ད་དུང་ཧ་ཅང་མི་བདེ་བས་འུར་འུར་ཟིང་ཟིང་གི་གནས་འདི་དང་། ལྷག་པར་དུ་བལྟས་ཀྱིན་བལྟས་ཀྱིན་ཆེད་དུ་མི་གཏུག་བཤེར་བྱེད་སྤྱད་མིན་ནམ་སྙམ་པའི་ཁ། བླ་བཙག་བྱེད་མིན་ནམ་སྙམ་པའི་ཁ། དྲི་ངན་འཐུལ་བཞིན་པའི་ཁ། བཀྲ་མི་ཤིས་པའི་ཁ། ཁ་ཆེན་པོ། ཁ་མཐུག་པོ། ཁ་རྫོབ་པོ། ཁ་ཤོ། ཁ་གསེག མདོར་ན་རྫོང་ཡོངས་ཀྱི་ཁ་སྐྱོན་ཅན་རྣམས་གཅིག་ཏུ་འཛོམས་པ་མིན་ནམ་སྙམ་པའི་མི་འདི་དག་ལ་སུན་སྣང་དང་སྐྲག་སྣང་མཉམ་དུ་སྐྱེས། ད་དུང་ཁོའི་གཡས་ཕྱོགས་ཀྱི་སྣ་ཁུང་ནང་གི་སྣབས་སྐམ་མ་རློན་བྲུས་ནས་མཐེ་བོང་དང་གོང་མཛུབ་བར་དུ་ཕུར་ཕུར་བྱས་ཏེ་རིལ་བུར་བཟོ་བའི་བུད་མེད་བྲང་ཆེ་མ་འདི་ལ་ཞེན་པ་གཏིང་ནས་ལོག་སྟེ་ཕྱིར་འགྲོ་དགོས་བསམས་པ་དང་། ཡང་ད་རུང་གསོལ་སྟོན་གྱི་དཀྱིལ་ལའང་མ་སླེབས་པའི་མཚམས་འདིར་ཚང་མའི་དཀྱིལ་ནས་ཡར་ལངས་ཏེ་འགྲོ་སྲོལ་མེད་བསམས་ནས་མུ་མཐུད་དུ་བཟོད་བསྲན་བྱས། ཁོ་དེ་རིང་གི་གསོལ་སྟོན་འདིར་ཡོང་བར་འགྱོད་པ་གཏིང་ནས་སྐྱེས། གོ་གནས་མ་ཤོར་སྔོན་ལ་མི་མང་པོས་ཁོ་རྒྱ་ལམ་གྱི་ཕར་ཁ་ནས་རིག་ན་ཚུར་ཁར་བརྒྱུགས་ཡོང་སྟེ་གཉའ་སྒུར་སྒུར་དང་མགོ་ལྡེམ་ལྡེམ་བྱེད། ཐེངས་ཤིག་ཕྱུགས་ལས་ཅུའི་ཅུའུ་ཀྲང་ཝང་ཚེ་དཔག་གིས་རྒྱ་ལམ་ཕར་ཁ་ནས་ཁོ་རིག་མ་ཐག་ཚུར་ཁར་རྒྱུགས་ཡོང་སྐབས་མགྱོགས་པོར་རྒྱུག་བཞིན་པའི་རླངས་འཁོར་ཞིག་གིས་གྲི་ལྟག་ཙམ་མིན་ན་གནམ་ལ་མཆོད་སོང་། རླངས་འཁོར་དེའི་ཁ་ལོ་བས་རྣ་ལ་གཟན་ཞིང་རྒྱུན་རིང་བའི་ཙིར་སྒྲ་ཞིག་དང་མཉམ་དུ་དགག་ཟྭ་མནན་པ་དང་། མགོ་ཕྱིར་བསྲིངས་ཏེ“ཁྱོད་ཕྱི་མར་འགྲོ་འདོད་ཡོད་ནའང་ང་བཙོན་ལ་འགྲོ་འདོད་མེད། སྨྱོན་པ་གཟའ་རོ་ཁྱོད……”ཟེར་ནས་གཡོན་ལག་གི་སྡིགས་མཛུབ་གཏད་ཅིང་མཆིལ་ཞགས་ཤིག་འཕངས། འོན་ཀྱང་ཝང་ཚེ་དཔག་གིས་དེ་མ་གོ་མ་རིག་ཁུལ་གྱིས་ཁོའི་གམ་ལ་བརྒྱུགས་ཡོང་ནས་དབུགས་ལྷེམ་ལྷེམ་དང་མགོ་ལྡེམ་ལྡེམ། གཉའ་སྒུར་སྒུར་གྱིས“桑……桑县下班བྱས་བཏང་ངམ།”ཞེས་པའི་སྐད་ཆ་ལྷག་མ་ཞིག་གིས་འཚམས་འདྲི་བྱས་པ་ད་ལྟའང་ཁོའི་མིག་ལམ་ན་གསལ་ལེར་འདུག དགོད་བྲོ་བ་ནི་ད་ལྟ་མི་མང་པོ་དང་། ཐ་ན་ཁོས་དངོས་སུ་ཡར་འཐེན་བྱས་པ་འགའ་རེས་ཁོ་ཉེ་སར་ཕྲད་ནའང་མ་རིག་ཁུལ་བྱས་ནས་འགྲོ་བ་དང་། ཁོའི་མདུན་དུ་སྒལ་ཚིགས་ཇེ་དྲང་དང་སྐད་ངག་ཇེ་སྦོམ་དུ་སོང་འདུག་པས་ཁོའང་མི་དེ་དག་ལ་གཏིང་ནས་ཡི་ཆད་ཡོད། ད་རུང་གོ་གནས་ན་ཡོད་དུས་ཁོས་སྐད་ཆ་ཅི་ཞིག་བཤད་ནའང་ཚང་མས་ཡིན་མིན་བསམ་བློ་མི་གཏོང་བར“རེད་རེད”ཟེར་ནས་མཐའ་གཅིག་ཏུ་ཁས་ལེན་མོད། ད་ལྟ་སྐད་ཆ་རེ་བཤད་ན་དོགས་སློང་དང་དགག་སྒྲུབ། ཐ་ན་མངོན་སུམ་འཛེམ་མེད་དུ་སྣ་དགོད་རྒྱག་མཁན་ཡང་ཡོད་པས་མི་ཚོགས་གྲལ་ལ་འགྲོ་འདོད་མེད། གལ་ཏེ་སོང་ནའང་སྔོན་ཆད་ལྟར་གང་བྱུང་མཁས་གཏམ་བཤད་པར་ཚོད་འཛིན་བྱེད་བཞིན་ཡོད། དེ་ཉིན་རྫོང་གི་ལས་བྱེད་རྒན་པའི་འཐུས་ཚབ་ཀྱི“新年茶话会”ཟེར་བའི་ཇ་སྟོན་ནམ་གསོལ་སྟོན་འདིར་ཞུགས་དགོས་པའི་མགྲོན་ཤོག་འབྱོར་དུས་ཀྱང་ཞུགས་འདོད་མེད་པའི་རྣམ་འགྱུར་བསྟན་མོད། རིན་པ་སྟེར་མི་དགོས་པའི་ཆུ་ཁོལ་ཁམ་གང་ཡང་འཆོར་དུ་མི་འཇུག་པའི་ཆུང་མ་ཧེབ་རྒན་བདའ་རྒན་མས“སོང་སོང་།མ་སོང་ན་རང་ག་མ་སོང་ནི་རེད།མ་ཟོས་ན་རང་ག་མ་ཟོས་ནི་རེད། སོང་སོང་། སོང་ནས་བརྒྱགས་ཚད་ཅིག་ཟོ།”ཟེར་ནས་ཕལ་ཆེར་བཙན་གྱིས་མངགས། ད་དུང་མོས་ལོ་ངོ་བཅུ་ཕྲག་དུ་མར་སྨན་བཅོས་འཕྲོད་བསྟེན་གྱི་ལས་ལ་འབད་ནས་ཡོད་ཚད་མི་དམངས་ཀྱི་བདེ་ཐང་གི་ཆེད་དུ་ཕུལ། འོན་ཀྱང་གོ་གནས་ཤིག་མེད་ན་རིག་མཁན་གོ་མཁན་མེད་ཟེར་ནས་མོ་གསོལ་སྟོན་འདིར་མ་བོས་པར་འཁང་ར་བྱས། དྲང་མོར་བཤད་ན“ཆེས་མཐའ་མཇུག་གི་ཆེས་ཆེ་བ”སོགས་ཉོག་དྲ་དེ་དག་ཀྱང་མོས་ནམ་རྒྱུན་མེད་མུག་བཏོན་ནས་རྣ་དལ་དུ་མི་འཇུག་པ་དང་འབྲེལ་བ་ངེས་ཅན་ཡོད་པ་མིན་ནམ། དེ་ལྟར་བསམ་བཞིན་ཆུང་མའི་སྟེང་ལའང་ཚིག་པ་ཟོས་ཤིང་ཁོང་ཁྲོ་ལངས།

  ཏག་ཏག་སྐབས་འདིར་གཞི་ནས་ཁོའི་སྤྲོ་བ་འདྲེན་པའི་སྐད་ཆ་གཅིག་ཐོས་པ་ནི་ཁ་མཐུག་སོ་རྫུན་ཅན་གྱིས་ཁོ་ཚོ་དང་ཅོག་ཙེ་བཞི་ཡི་བར་ཐག་ཡོད་པའི་ཧྲུའུ་ཅི་གཞོན་པ་ཀྲང་ལ་མཆུ་སྟོན་ཞིག་བྱས་ཏེ“ཧེ་ཧེ། གན་གིས་འུ་ཚོའི་ཧྲུའུ་ཅི་གཙོ་བོའི་རྐུབ་སྟེགས་ཁོའི་ཡིན་བསམས་ནས་གཟེང་གཟེང་བྱེད་བཞིན་ཡོད་ནའང་འུ་ཚོའི་ཧྲུའུ་ཅི་སྔར་ནས་གཏན་ཁེལ་བྱས་འདུག་ཟེར།”ཞེས་བཤད།

  “སུ་རེད།”ཁོས་རང་དབང་མེད་པར་དེ་ལྟར་ཁ་ནས་ཤོར།

  “ཁུལ་འགྲིམ་འགྲུལ་ཅུའི་ཅུའུ་ཀྲང་ཞུང་ཡོན་རིན་རེད། དེ་གྲོ་ཚང་གི་རོང་པ་རེད། ཡིན་རྒྱུ་བོད་ཡིན་ཡང་བོད་སྐད་མི་ཤེས་པའི་རྒྱ་མ་བོད་དེའི་རིགས་རེད།”

  ཁོས་དེ་མ་ཐག་རང་གི་ཀླད་པའི“གཞི་གྲངས་མཛོད”དུ་འཚོལ་བཤེར་ཞིག་བྱས་ནའང་རུས་ཞུང་ཅན་གྱི་རྒྱ་མ་བོད་དེའི་བརྡ་འཕྲིན་ཅང་མ་རྙེད་ལ། དེ་བས་ཀྱང་གྲོ་ཚང་གི་རུས་ཞུང་ཅན་གྱི་ནང་ན་རང་དང་འབྲེལ་བ་ཡོད་པའི་བརྡ་འཕྲིན་ཅི་ཡང་མ་རྙེད་པས་བློ་ཅུང་ཙམ་ཕམ། འོན་ཀྱང་འདི་ནི་རང་ལ་མཚོན་ན་དེ་རིང་གི་སྤྲོ་བ་ཡོད་པའི་བརྡ་འཕྲིན་གཅིག་པུ་ཡིན་པས་མུ་མཐུད་དུ་འདི་དང་འབྲེལ་བའི་བརྡ་འཕྲིན་རེ་ཨེ་གོ་རེ་བ་བཅིངས་ཏེ་སོ་རྫུན་ཅན་གྱི་ཁ་ཆེན་པོའི་ནང་འཛུལ་ལ་ཁད་ཀྱིས་ཅེར།

  སོ་རྫུན་ཅན་འདི་ངོ་མ་བརྡ་འཕྲིན་གྱི་གཏེར་མཛོད་ཅིག་ཡིན་པ་འདྲ་སྟེ། མུ་མཐུད་དུ“ཞུང་ཡོན་རིན་དེ་མི་ནུས་པ་ཅན་ཞིག་ཡིན། རྒྱབ་རིའང་ཆེ་བས་མ་མཐའ་ཡང་ཁུལ་དཔོན་གཞོན་པ་ཞིག་ལ་བསམ་རྒྱུ་མེད་མོད། ཕངས་པ་ཞིག་ལ་གཞེས་ནིང་རང་ཁུལ་ནས་གཡག་ཆད་བར་གྱི་མགྱོགས་ལམ་ལས་སྐབས་ཕུག་ལམ་ཞིག་བརྡིབས་ནས་མི་མང་པོ་གཅིར་བའི་དོན་རྐྱེན་དེ་ཁོ་ལའང་འབྲེལ་བ་ཡོད་ཟེར་ནས་ཡར་འཐེན་མ་བྱས།”ཟེར།

  སོ་རྫུན་ཅན་འདིའི་བརྡ་འཕྲིན་གྱི་ཡོང་ཁུངས་གང་ཡིན་ནམ། འདི་ལ་གོང་རིམ་ན་ཁོས་བཤད་པའི“རྒྱབ་རིའམ”གཉེན་ཉེ། ཡང་ན་གྲོགས་པོ་འདྲ་ཡོད་པ་མིན་ནམ། “ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས།”ཞེས་པའི་འཇིགས་སུ་རུང་བའི་བརྡ་འཕྲིན་འདི་ཁུངས་བཙུན་ཡིན་ནམ་ཡང་ན་མི་མང་མགོ་ཁྲིད་ཚོར་མ་དགའ་བར་གླེང་ཕྱོགས་བཟོས་པ་ཙམ་ཡིན། གལ་ཏེ་དེ་འདྲ་ཡིན་ན་སྐྱིད་པ་ལ། གང་ལྟར་སོ་རྫུན་ཅན་འདི་ལ་གཅིག་དྲིས་ན་ཁ་ཆེན་པོ་དེའི་ནང་ན་བཤད་རྒྱུ་ཞིག་ཡོད་ན་ཐང་། ཡིན་ནའང་མི་མང་གྲལ་ནས་འདིའི་སྐོར་དྲིས་ན་རང་ལ་གནོང་ཆེ་བས་དོན་དག་འདིར་ཧ་ཅང་དོ་སྣང་བྱེད་བཞིན་ཡོད་པ་དང་། གསལ་པོར་བཤད་ན་ཧ་ཅང་སེམས་ཁྲལ་བྱེད་བཞིན་ཡོད་པ། དེ་བས་ཀྱང་གསལ་པོར་བཤད་ན་ཧ་ཅང་སྐྲག་གི་ཡོད་པ་ཤེས་སུ་བཅུག་པ་མིན་ནམ། གོ་གནས་གལ་ཆེན་དང་ཡང་ན་ལས་ཁུངས་སྣུམ་པོའི་མགོ་ཁྲིད་ཁུར་མྱོང་མཁན་ཞིག་ཡིན་ཕྱིན་མ་གཞི་ནས་ཚང་མས་དོགས་པ་ཟ་བཞིན་ཡོད་པ་དང་། ཐ་ན་རུལ་སུངས་ཤ་སྟག་ཏུ་རྩི་བཞིན་ཡོད་པ་མིན་ནམ།

  ཚོགས་འདུ་འདི་ལ་ཟེར་ནི“ཇ་སྟོན”ཟེར་ཡང་ཇ་རྐྱང་ཙམ་ལས་བཟའ་རྒྱུ་འཐུང་རྒྱུ་མེད་པ་ཞིག་ག་ལ་ཡིན། དོན་དངོས་སུ་འདི་ནི་ཟས་ཆང་གཉིས་ཀ་འཛོམས་པའི་གསོལ་སྟོན་རྒྱས་པོ་ཞིག་རེད། དེ་ལས་ལྡོག་སྟེ་ཇ་ནི་མདོག་ལྗང་ཤས་ཡིན་པ་ཙམ་ལས་བྲོ་བ་ཅི་ཡང་མེད་པའི་ཧ་ཅང་སྤུས་ངན་དང་། ཐ་ན་རྫུན་མ་ལོས་ཡིན་སྙམ་པ་དེའི་རིགས་རེད། ཚང་མས་གསང་བདག་གི་ཆུང་མའི་སྐད་ཆ་ལྟར་ན“བརྒྱགས་ཚད”རེ་ཟོས། བྲོ་བ་ཅི་ཡང་མེད་པའི་ཇ་སྤུས་ངན་ནམ་རྫུན་མ་དེ་ཡང་ཡང་འཐུང་རྗེས་རིམ་བཞིན་ཁ་བརྡ་བྱེད་མཁན་མེད་པར་ཁ་པར་རྩེད་མགོ་བརྩམས། སོ་རྫུན་ཅན་གཅིག་པུས་རང་ལ་གོང་ན་མི་ཡོད་པའམ། མ་མཐའ་ཡང་བརྡ་འཕྲིན་བཤད་མཁན་ཡོད་པ་དེ་ངོམ་པ་ལྟར་མ་མཐུད་དུ“འུ་ཚོའི་ཧྲུའུ་ཅི་སྔོན་མ་ཁུལ་དཔོན་གཞོན་པར་བཞག་པ་དེ་གནས་སྐབས་ཙམ་རེད། ཁོ་ད་དུང་གོ་གནས་ཇེ་མཐོར་འགྲོ་རྒྱུ་རེད།”ཅེས་ཁ་ཚོན་བཅད་ནས་བཤད། འོན་ཀྱང་གསང་བདག་མ་གཏོགས་དེའི་ཁ་བརྡ་ལ་དོ་སྣང་བྱེད་མཁན་མེད་པར་ཚང་མ་རང་རང་ས་ན་ཁ་པར་ནང་དུ་ཐིམ་འདུག

  གསང་བདག་གོ་གནས་ན་ཡོད་དུས་དཔོན་ཉམས་ཆེ་བས་སྤྱིར་བཏང་གི་ལས་བྱེད་མང་ཚོགས་དང་། ཐ་ན་རང་གི་ཤ་ཉེ་རྣམས་ལའང་དེ་འདྲའི་འབྲེལ་འདྲིས་མེད་པས་གོ་གནས་ཤོར་རྗེས་དེ་ཚོས་ཀྱང་ཁོ་ལ་འབྲེལ་འདྲིས་མི་བྱེད། དེའི་ཕྱིར་ཅོག་ཙེ་གཅིག་གི་མཐའ་འཁོར་གྱི་མི་འདི་དག་ལའང་ཆ་རྒྱུས་མེད་པས་ཁོ་ངོ་མི་ཤེས་པ་ལྟར་དུ་འདུག ཁོའི་དྲན་ངོས་སུ་སོ་རྫུན་ཅན་འདི་ཚེ་གང་པོར་རྫོང་རིམ་པ་གཞོན་པའི་གོ་གནས་སུ་ཕར་གཡུག་ཚུར་གཡུག་བྱས་ཏེ་མཇུག་མཐར་རྒན་ཡོལ་བྱས་པའི་ཆེས་སྤྱིར་བཏང་གི་མགོ་ཁྲིད་ལས་བྱེད་ཅིག་ཡིན་པ་ཙམ་ལས་གོང་ལ་འབྲེལ་བ་ཡོད་པ་དང་། རྒྱབ་རི་ཆེན་པོ་ཅན་དེ་འདྲ་གང་ཡང་མིན། གལ་ཏེ་དེ་འདྲ་ཡིན་ན་ཁོ་ཚེ་གང་བོར་རྫོང་རིམ་པ་གཞོན་པའི་གོ་གནས་སུ་འདུག་མི་སྲིད། དེས་ན་འདིས་གློ་བུར་དུ་འདི་འདྲའི་གནས་ཚུལ་མང་པོ་ཅི་ལྟར་ཤེས་པ་ཡིན། ལྷག་པར་དུ“ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས”པའི་བརྡ་འཕྲིན་འདི་ཅི་ལྟར་ཤེས་པ་ཡིན།

  སོ་རྫུན་ཅན་དང་ཁོ་གཉིས་ཀའི་བར་ན་བྲང་ཆེ་མ་གཅིག་པོ་མ་གཏོགས་མེད། ཁོས་ཅོག་ཙེ་གང་པོར་མིག་ཞགས་ཤིག་འཕངས་པ་ན་སོ་རྫུན་ཅན་གཅིག་པོ་མ་གཏོགས་ཚང་མ་ཁ་པར་ནང་ལ་ཐིམ་འདུག་པས་སྤོབས་པ་ཆེ་རུ་བསྐྱེད་དེ་སྐད་མགོ་དམའ་མོས“ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས……”

  སོ་རྫུན་ཅན་གྱི་མཐུག་ཅིང་ཆེ་བའི་ཁ་ནང་གི་སོ་ཕྲེང་རྫུན་མ་དེ་ཡར་ལ་ཁད་ཀྱིས་ཁོའི་ཚིག་མཚམས་བཅད་ནས“ནག་ཉེས་ཀྱི་ཆེ་ཆུང་ལྟར་བཟུང་ན་བཤད་རྒྱུ་ཅི་ཡོད། གནད་དོན་གཙོ་བོ་ནི་ལས་གནས་སུ་ཡོད་པ་ཚོས་རྒན་ཡོལ་བྱས་ཟིན་པ་རྣམས་མདུན་ལ་འདེད་པ་དང་། གོ་གནས་མཐོན་པོ་ཅན་ཚོས་གོ་གནས་དམའ་མོ་ཅན་རྣམས་མདུན་ལ་འདེད་སྲིད་པ་ངེས་གཏན་ཡིན་པས……”

  སོ་རྫུན་ཅན་གྱི་ཚིག་མཇུག་མ་རྫོགས་གོང་ཡང་བསྐྱར་ཁོའི་སྙིང་དང་ཀླད་པར་གཟེར་ཤད་ཅིག་བརྒྱབ། སོ་རྫུན་ཅན་གྱི་མཐུག་ཅིང་ཆེ་བའི་ཁ་ནང་གི་སོ་ཕྲེང་རྫུན་མ་འགུལ་བཞིན་པ་མ་གཏོགས་ཚིག་འབྲུ་གཅིག་ཀྱང་གོ་རྒྱུ་མེད་པར་གྱུར། འདི་ནི་ཅི་འདྲའི་སུན་སྣང་སྐྱེ་བ་དང་ཞེན་པ་ལོག་པའི་ཁ་ཞིག་རེད་ཨང་། མི་ངན་ཁ་ན་གཏམ་ངན། ཁ་ངན་ནང་ན་སོ་རྫུན། ཕེ་ཕེ། ཁ་འདིས་དུས་ཡུན་རིང་པོར་ཁོ་ལ་མནར་གཅོད་བྱས། ཐ་ན་གཤག་བཅོས་སྟེགས་བུའི་སྟེང་དུ་སྦྲིད་སྨན་བརྒྱབ་སྟེ་ཚོར་བ་ཡོངས་སུ་ཉམས་འདུག་པའི་སྐབས་སུའང་དྲན་པའི་གནས་གང་ཞིག་ན་སོ་རྫུན་ཅན་གྱི་མཐུག་ཅིང་ཆེ་བའི་ཁ་འདིས་སྒྲ་མེད་པའི་གཏམ་ངན་ཅི་ཞིག་བཤད་ཀྱིན་པའི་ཚོར་བ་རབ་བེ་རིབ་བེ་ཞིག་ཡལ་རྒྱུ་མེད།

  དེ་ཡང་མགོ་ནས་བཤད་ན་གསོལ་སྟོན་འདི་དང་ཁ་གྱེས་པ་ནས་སོ་རྫུན་ཅན་གྱི་ཁ་ཆེན་པོ་འདི་གསང་བདག་གི་མིག་ལམ་ནས་ཡལ་ཐབས་མེད་ལ། “ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས”ཞེས་པ་འདི་རྣ་ལམ་ནས་ཡལ་ཐབས་མེད། “ཆེས་མཐའ་མཇུག་གི་ཆེས་ཆེ་བ”སོགས་སེམས་ནས་ཡལ་ཐབས་མེད། འདི་ནི་ཅི་འདྲའི་སུན་སྤྱད་ཅིག་རེད་ཨང་། འདི་ནི་ཅི་འདྲའི་མནར་གཅོད་ཅིག་རེད་ཨང་། འདི་ནི་ཅི་འདྲའི་སྡུག་བསྔལ་ཞིག་རེད་ཨང་། དེ་ལས་ཀྱང་ཕངས་པ་ནི་གསོལ་སྟོན་དུ་ཞུགས་པའི་དགོང་མོར་ཁོའི་ལག་པ་གཡོན་པའི་ལག་ངར་ནས་དཔུང་པ། དེ་ནས་སྐེ་ཚིགས་བཅས་ན་མགོ་བརྩམས་ཤིང་། ན་ཟུག་ཇེ་ཐུ་ནས་ཇེ་ཐུ་རེད། ལྷག་པར་དུ་ཁོག་སྟོད་ཕྱི་ནང་ལ་གཟེར་མ་བརྡབས་པ་བཞིན་དབུགས་ཀྱང་གཏོང་ལེན་དཀའ་བར་གྱུར། འདི་ནི་སྙིང་རྩའི་གནད་དོན་ཡིན་པ་ཁོས་ཀྱང་གསལ་པོར་ཤེས་པས་ཞི་ལུ་བོས་ནས་སྨན་ཁང་དུ་སོང་། དེ་ནས་ཀྱང་གང་མགྱོགས་ཀྱིས་ཟི་ལིང་དུ་འགྲོ་དགོས་ཟེར་བ་བཞིན་མྱུར་སྐྱོབ་རླངས་འཁོར་དུ་བསྡད་ནས་སོང་། ན་ཟུག་དྲག་པོ་དང་རླངས་འཁོར་གྱི་ཉེན་དུང་གི་སྒྲ། སོ་རྫུན་ཅན་གྱི་མཐུག་ཅིང་ཆེ་བའི་ཁ། “ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས།” “ཆེས་མཐའ་མཇུག་གི་ཆེས་ཆེ་བ”སོགས་ཀྱིས་སྤྱི་ལེ་ལྔ་བརྒྱའི་ལམ་བར་དུ་མཚམས་རེར་རེས་མོས་དང་། མཚམས་རེར་དུས་གཅིག་ཏུ་སྙིང་རྗེ་མེད་པར་མནར་གཅོད་བྱས། མཚམས་རེར་ལས་ད་ལྟར་བྱས་ན་ད་ལྟར་སྨིན་ཟེར་བ་འདི་མིན་ན་ཅི་ཡིན་བསམས་ནས་སྔར་བྱས་ཀྱི“ཆེས་མཐའ་མཇུག་གི་ཆེས་ཆེ་བ”ལ་འགྱོད་པ་སྐྱེས། དེ་ནི་ཁོའི་གོ་གནས་འཆོར་ལ་ཉེ་བའི་དུས་ཡིན་ཏེ། རྫོང་མཁར་ནས་རྩེ་སྨད་ཡུལ་ཚོའི་བར་གྱི་རིང་ཚད་ལ་སྤྱི་ལེ་དྲུག་ཅུ་རེ་བཞི་ཡོད་པའི་རྩེ་ཆུའི་ཆུ་ལམ་བཅོས་སྐྱོང་བཟོ་སྐྲུན་ནི་ལོ་དེའི་རྫོང་ཡོངས་ཀྱི་རྣམ་གྲངས་ཆེ་གྲས་ཡིན་ལ། ཁོ་བཙལ་དུ་ཡོང་མཁན་བཟོ་སྐྲུན་རུ་ཁག་ཅིག་ཀྱང་ཡོད། ཁོས་ཀྱང་འདི་ནི་ཆེས་མཐའ་མཇུག་གི་གོ་སྐབས་གཅིག་པུ་ཡིན་པ་གསལ་པོར་ཤེས། ལྷག་པར་དུ་གསེར་གྱི་རི་བོ་ཞིག་ཡོད་ནའང་ཧེབ་ལ་གང་རྒྱུ་མེད་པའི་ཆུང་མས་མེད་མུག་ཁོ་ན་བཏོན་ནས་རྣ་དལ་དུ་མི་འཇུག དེའི་ཕྱིར་ཁོ་བཙལ་དུ་ཡོང་མཁན་དེར་བཟོ་སྐྲུན་འདིར་འབྲོག་པ་མང་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་པས་ཁོས་དེ་ཚོའི་མགོ་གནོན་དགོས་པ་དང་། རྣམ་གྲངས་འདི་བརྩོན་ལེན་བྱེད་མཁན་བཟོ་སྐྲུན་རུ་ཁག་ཧ་ཅང་མང་བས་འགྲན་རྩོད་ཆེ་རབས། ད་རུང་ཁོའི་གོང་ནའང་འདིའི་ནང་ལ་ལག་པ་སྲིང་མཁན་མང་པོ་ཡོད་པས་ཁོས་དེ་དག་ཚིམ་པར་བྱེད་དགོས་པ་སོགས་དཀའ་ཚེགས་ཆེ་རབས་བཤད། དེའི་ཤུགས་བསྟན་ནི་ལྐོག་རྔན་མང་པོ་སྟེར་དགོས་པའི་བརྡ་ཡིན་པ་སུས་ཀྱང་ཤེས་ཐུབ། མཇུག་མཐར་ཁོས་སྔོན་ཆད་བླངས་པ་ཡོད་ཚད་བསྣན་ནའང་འདིའི་ཕྱེད་ཀ་ཙམ་ཡང་མི་ལོངས་པ་ཞིག་བླངས་པ་དེ་ནི་ཁོའི་སེམས་ཀྱི“ཆེས་མཐའ་མཇུག་གི་ཆེས་ཆེ་བ”ཡིན་ལ། ད་ལྟ་བསམས་ན་འདི་ནི་ཁོའི་སྲོག་ལེན་བྱེད་དང་། ཡང་ན་ཁོ་བཙོན་ལ་འཇུག་བྱེད་ཡིན་པ་འདྲ། དེས་ན་མཚམས་རེར་ཚེ་མཇུག་བཙོན་དུ་འདུག་པ་ལས་ཤི་ན་དགའ་བསམས་ནའང་སྤྱིའི་ཆ་ནས་གསོན་པའི་རེ་བ་མ་བཏང་བར་སྨན་ཁང་དུ་སླེབས་ཤིང་། བརྟག་དཔྱད་གང་མང་བྱས་མཐར་སྙིང་གི་རྩ་ལམ་མང་པོར་འདེགས་སྒྲོམ་འཇོག་དགོས་པའི་ཁར་ལུས་ཕུང་ཧ་ཅང་ཚོ་བས་ལུས་ཡོངས་སྦྲིད་སྨན་རྒྱག་དགོས་ཟེར་ནས་ནག་འཐོམ་མེར་བཏང་། ཡིན་ཡང་དྲན་ཤེས་གང་ཞིག་ཏུ་སོ་རྫུན་ཅན་གྱི་མཐུག་ཅིང་ཆེ་བའི་ཁ་དང“ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས།” “ཆེས་མཐའ་མཇུག་གི་ཆེས་ཆེ་བ།”སོགས་རབ་བེ་རིབ་བེ། མ་གེ་མོག་གེ་ཞིག་ཡལ་རྒྱུ་མི་འདུག གང་ལྟར་སྦྲིད་དྭངས་རྗེས་སྙིང་རྩའི་འདེགས་སྒྲོམ་གཤག་བཅོས་ལེགས་འགྲུབ་བྱུང་རབས་ཟེར་ནས་ཁྱིམ་མི་ཚོ་ཧ་ཅང་དགའ་བཞིན་འདུག སྤྱིར་ན་དེ་ལས་དགའ་བ་ཞིག་མེད་ནའང་ཁོའི་མིག་ལམ་ན་སོ་རྫུན་ཅན་གྱི་མཐུག་ཅིང་ཆེ་བའི་ཁ་དེས་མཚམས་མི་ཆད་པར“ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས”ཟེར་བཞིན་ཡོད་པ་དང་། ཁོའི་སེམས་ན“ཆེས་མཐའ་མཇུག་གི་ཆེས་ཆེ་བ”སོགས་ཡོད་པས་འཇིགས་སྐྲག་དང་སྡུག་བསྔལ་དྭངས་མཐའ་མེད། ཟས་ཀྱི་བྲོ་བ་མི་ཚོར་ལ་གཉིད་དུ་ཡུར་དཀའ་བས་ཡུན་རིང་མ་འགོར་བར་ལུས་ཀྱི་ཤ་ལྷུང་། སྔོན་གྱི་གྱོན་པ་ཡོངས་རྫོགས་ཆེ་དྲགས་ནས་གྱོན་པ་གསར་པ་ཉོ་དགོས་བྱུང་། མཚམས་རེར་ཁོས་ཀྱང་སོ་རྫུན་ཅན་དེ་ཕར་བལྟས་ནའང་མི་ངན་ཞིག་གི་ཚུགས་ཀ་ཡོད་པས་དེའི་སྐད་ཆ་དག་ཀྱང་ཁུངས་མེད་འཆལ་གཏམ་ཡིན་སྲིད་ཅེས་རང་གིས་རང་ལ་སེམས་གསོ་བྱས། ད་དུང“ཆེས་མཐའ་མཇུག་གི་ཆེས་ཆེ་བ”བླངས་སའི་སྦྱིན་བདག་དེ་བཟུང་མེད་པས་སྐྲག་དགོས་དོན་མེད་བསམས་ནས་རང་གིས་རང་ལ་སེམས་ཤུགས་བསྣན།

  སྐབས་འདིར་སུན་ཧྲུའུ་ཅི་དང་སི་མཱ་ཀྲུའུ་ཞི་གཉིས“སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད།”ཟེར་ནས་འཛིན་བཟུང་བྱས་པ་མི་མང་གིས་བརྒྱུད་སྐུར་བྱེད་པའི་དུས་མཚུངས་སུ་རང་གི་ལག་དམར་ཁྲིམས་ལ་ཚུད་པ་ནང་བཞིན་དགའ་འབོད་སྒྲོག་བཞིན་འདུག འདི་ནི་ཁོ་ལ་མཚོན་ན་དོན་བཟང་ཞིག་ཡིན་ནམ་དོན་ངན་ཞིག་ཡིན་པ་ཁོས་ཀྱང་བཤད་མི་ཤེས། མི་བཅུའི་གྲངས་ཀ་ལོངས་དགོས་པའི་ཕྱོགས་ནས་བཤད་ན་དོན་བཟང་ཞིག་ཡིན་པ་འདྲ། སི་མཱ་ཀྲུའུ་ཞི་ལྟ་བུ་རྒྱབ་རི་ཆེན་པོ་ཅན་ཡང་བཟུང་བར་བལྟས་ན་ཁོ་ནི་འཆོར་ས་མེད་པས་དོན་ངན་ཞིག་ཅི་ལ་མིན། དེ་ནས་གཟའ་འཁོར་གཅིག་གི་རྗེས་གྱི་གནམ་གཤིས་ཤིན་ཏུ་སྡུག་པའི་ཉིན་གུང་ཞིག་ལ“ཆུ་སྔོན་ཆུ་བོའི་ཆུ་ལམ་བཅོས་སྐྱོང་གི་ལས་ཀ་བ་དང་འབྲོག་པ་ཚོས་རྡུང་རེས་བརྒྱབ་སྟེ་མི་གསུམ་བསད་ཅིང་མི་བཅུ་ལྷག་ལ་རྨས་སྐྱོན་བཟོས་སོང་།”ཞེས་རྫོང་ཡོངས་འུར་ཆིལ་ལེར་གྱུར། དེ་ནས་གཟའ་འཁོར་གཅིག་གི་རྗེས་ཀྱི་སྔར་བཞིན་གནམ་གཤིས་ཧ་ཅང་སྡུག་པའི་ཉིན་ཞིག་ལ། ཆུ་སྔོན་ཡུལ་ཚོའི་ཧྲུའུ་ཅི་གཙོ་གཞོན་དང་ཞང་ཀྲང་གཙོ་གཞོན་བཅས་མི་བཞི་བོས་ཆུ་སྔོན་ཆུ་བོའི་ཆུ་ལམ་བཅོས་སྐྱོང་དོན་རྐྱེན་ཁྲོད་བྱ་བར་འགན་མ་ཁྱག་པས་ཚང་མར་གོ་གནས་བླངས་པའི་ཐག་གཅོད་ཁྱབ་བསྒྲགས་བྱས། ཁོའི་སེམས་ལ་འདི་བཞི་བོ“མི་བཅུའི”ནང་ལ་རྩིའམ། དེ་དུས་ཁོ་སྐྲག་དྲགས་པས་མིན་ན་སོ་རྫུན་ཅན་གྱིས་ཏག་ཏག་མི་བཅུ“འཛིན”དགོས་ཟེར་བ་འདྲ། གནས་ལུགས་ལྟར་ན“ཐག་གཅོད”བྱས་པ་དག་ཀྱང“མི་བཅུའི”ནང་བརྩིས་ན་འགྲིག གལ་ཏེ་རྩི་ན་ད་ནི་མི་བཞི་མ་གཏོགས་འཛིན་མི་དགོས། ད་དུང་ལུགས་རྙིང་ལོ་སར་སྐབས་སུ་ནོར་སྲིད་ཅུའི་ཅུའུ་ཀྲང་གིས་ཆང་འཐུང་ནས་རླངས་འཁོར་བསྐོར་ཏེ་སློབ་མ་གཉིས་གཅིར་བ་དེར་ད་རུང་ཁྲིམས་ཐག་བཅད་མེད། དེ་ནི་སྤྱིར་ན་ཉེས་དོན་གྱོད་གཞི་ཡིན་ནའང་སྒྲིག་འགལ་བྱ་སྤྱོད་ཀྱང་རེད། དེས་ན་དེ“མི་བཅུའི”ནང་རྩིའམ། གལ་ཏེ་རྩི་ན་ད་ནི་མི་གསུམ་མ་གཏོགས་འཛིན་མི་དགོས། ཁོས་རང་ཉིད་མ་ཡིན་པའི་མི་གསུམ་གང་མྱུར་གྱིས་འཛིན་པར་རེ་སྒུག་བྱས། ཡིན་ཡང་དེ་ནས་བཟུང་མི་གཅིག་ཀྱང་འཛིན་བཟུང་མ་བྱས་ལ། ཐག་གཅོད་ཀྱང་མ་བྱས་པར་ལོ་གཅིག་ཚར་ལ་ཉེ། ཕར་བལྟས་ན“ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས།”ཟེར་བ་དེ་ཁུངས་མེད་འཆལ་གཏམ་ཡིན་ཡང་སྲིད། དེ་འདྲ་ཡིན་ན་སྐྱིད་པ་ལ། གང་ལྟར་འདི་དག་སོ་རྫུན་ཅན་ལ་གསལ་པོ་ཞིག་དྲིས་ན་འགྲིག་བསམས་ཏེ་ནམ་རྒྱུན་སོ་རྫུན་ཅན་སོགས་ལས་མེད་རྣམས་འདུ་སའི་སྤྱི་གླིང་ཆུང་ཆུང་དེའི་ཕྱོགས་སུ་སོང་། སོ་རྫུན་ཅན་གྱིས་ཏག་ཏག་མི་འགའི་དཀྱིལ་ན་ཁ་ཤ་ཆེན་པོའི་ནང་གི་སོ་ཕྲེང་རྫུན་མ་དེ་ཡར་ལ་ཁད་ཀྱིས་ཅི་ཞིག་བཤད་ཞོར་དགོད་ཞོར་བྱེད་ཀྱིན་འདུག

  “ཨང……ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས་ཟེར་བ་དེ……”ཁོའི་ཚིག་མཇུག་མ་རྫོགས་གོང་སོ་རྫུན་ཅན་ཧ་ལས་པའི་ཚུལ་གྱིས་མགོ་བོ་ཡོན་ཙམ་བྱས་ཏེ“ཨ། རྫོང་རེ་ནས་མི་བཅུ་རེ་འཛིན་དགོས་ཟེར་རམ། དེ་འདྲ་དཔེ་མེད་པཱ།”ཟེར།

  “དེ་ལོ་གསར་ཇ་སྟོན་སྐབས་སུ་ཁྱོད་ཀྱིས་དངོས་སུ་བཤད་པ་མིན་ནམ།”

  “ཨ། མིན་མིན་མིན། ངས་དེ་འདྲ་བཤད་མ་མྱོང་། ཐ་ན་ངས་དེ་རིང་ཁྱོད་ཀྱི་ཁ་ནས་མ་གཏོགས་དེ་འདྲ་གོའང་མ་མྱོང་། ཁྱོད་ཀྱིས་འདི་འདྲ་གང་ནས་གོ”ཟེར།

  ཨ་ཙི། སོ་རྫུན་ཅན་འདི་ཅི་འདྲའི་མི་ཡ་མཚན་ཞིག་རེད་ཨང་། འདི་ནི་ཅི་བཤད་ལ་ཅི་བཤད་ལ་སྙིང་བོ་མེད་ཟེར་བ་དེའི་རིགས་ཡིན་ཁོ་ཐག་རེད། དེས་ན“རྫོང་རེ་ནས་མི་བཅུ་རེ་འཛིན་དགོས”ཟེར་བ་དེའང་ཁུངས་འཆལ་གཏམ་ཁོ་ན་ཡིན་སྲིད་པས་དགའ་བ་ལ། སྐྱིད་པ་ལ།

  ཕེ། སོ་རྫུན་ཅན་འདི་ཅི་འདྲའི་སྙིང་བོ་མེད་པའི་མི་ཞིག་རེད་ཨང་། ཇ་སྟོན་སྟེང་དུ་དེ་ལྟར་བཤད་པའི་རྐྱེན་གྱིས་རང་གིས་ལོ་གཅིག་ཙམ་ལ་མནར་གཅོད་མྱངས་པ་དང་། ཅུང་ཙམ་མིན་ན་སྲོག་ཀྱང་ཤོར་བ་མིན་ནམ། ཡིན་ནའང་ད་ལྟ་འདིས་ཁས་མི་ལེན་པ་ཅི་ཡིན་ནམ། དེ་དུས་འདིས་ད་དུང་དེ་ལས་ཀྱང་ཆེན་པོ་དང་ཟབ་མོ། མང་པོ་ཞིག་ཤེས་མདོག་བསྟན་ཏེ། དཔེར་ན་ཁོས་ཡང་བསྐྱར་དེ་ཁུངས་བཙུན་ཡིན་མིན་གསལ་པོ་ཞིག་འདྲི་དགོས་བསམས་ནས“རྫོང་རེ་ནས་མི་བཅུ་རེ……”ཞེས་ཚིག་མགོ་གླེང་མ་ཐག་དེས“ཟེར་ནི་མི་བཅུ་ཟེར་མོད། འོན་ཀྱང་རིམ་པ་སོ་སོའི་སྒྲིག་ཨུས་རང་རང་གི་ལས་འགན་ཡོངས་འགྲུབ་དང་། ཐ་ན་ལྷག་འགྲུབ་ཀྱི་ཆེད་དུ་གཅིག་བྱས་ན་དེ་ལས་ཀྱང་མང་པོ་འཛིན་ན་ཐང……”

  སོ་རྫུན་ཅན་གྱི་ཚིག་མཇུག་མ་རྫོགས་གོང་ཁོའི་སེམས་ལ“ཅིས་མ་བདེན། སྔོན་ཆད་རང་གིས་ཀྱང་གོང་གི་དམིགས་ཚད་འགྲུབ་ཆེད་མང་ཚོགས་ཀྱི་སྐད་ཆ་ལྟར་ན‘སྐྱག་ལས་སྐྱུག་ལས’མང་པོ་བྱས་མྱོང་བ་མིན་ནམ།”བསམ་ནས་ཡང་བསྐྱར་སྙིང་དང་ཀླད་པར་གཟེར་ཤད་ཅིག་བརྒྱབ། སོ་རྫུན་ཅན་འདི་ཅི་འདྲའི་མི་སུན་སྤྱད་ཅིག་རེད་ཨང་། ད་ནི་ངོ་མ་བཟོད་ཐབས་མེད། རྫོང་འདིའི་ཁ་རྫོབ་པོ་ཅན་རྣམས་ཆེད་དུ་བསྡུས་པ་མིན་ནམ་སྙམ་པའི་གནས་འདི་དང་འབྲལ་དགོས་བསམས། ཏག་ཏག་སྐབས་འདིར་མིག་ཤེལ་ཅན་གྱིས་གློ་བུར་དུ་སྐད་ཆེན་པོས“ལྟོས་ལྟོས། གླུ་བ་གསེར་ལྡན་གྱིས་ཡང་ཁོ་དྲྭ་དཔོན་གངས་ཉིལ་གྱིས་བསྡུས་པའི་རྡུང་ལེན་འགྲན་བསྡུར་དུ་ཞུགས་རྒྱུ་ཡིན་ཞེས་ཐད་གཏོང་བྱེད་ཀྱིན་འདུག”ཟེར་ནས་ཁ་པར་གྱི་འཆར་ཤེལ་ཚང་མར་ཕྱོགས།

  གསང་བདག་དེ་ལ་སྤྲོ་བ་ཅི་ཡང་མེད་པས་མིག་ཟུར་གྱིས་ཀྱང་མི་ལྟ། ཁོས་ཆུང་མས་བཀའ་ལྟར“བརྒྱགས་ཚད”ཅིག་མ་ཟོས་ལ། ཐ་ན་ཚལ་སྣ་མང་ཤས་ཀྱི་བྲོ་བའང་མ་མྱང་བར་གསོལ་སྟོན་འདི་སྔ་ཙམ་ནས་མཇུག་རྫོགས་པར་རེ་སྒུག་བྱས། འོན་ཀྱང་གསོལ་སྟོན་ལ་མཇུག་རྫོགས་རྒྱུ་མེད་པར་མ་ཟད་ད་དུང་རྒྱ་ལྭ་གྱོན་པའི་སྐྱེས་པ་ཞིག་དང་བོད་ལྭ་གྱོན་པའི་བུད་མེད་ཅིག་གིས་དགའ་དགའ་སྤྲོ་སྤྲོའི་ངང་སྐད་འདྲིལ་བྱས་ཏེ།

  “五十六个民族五十六朵花

  朵朵那个开在阳光下

  阳光雨露洒下来

  万紫那个千红放光华

  就像是连根的树哎

  开出并蒂花并蒂花

  哎一朵花两朵花

  五十六朵满园香

  ………”

  ཞེས་བླངས་ཚར་མ་ཐག་གླུ་མ་གྲགས་ཅན་བྱང་ཆུབ་མཚོ་མོ་ཡང་བསྐྱར་གར་སྟེགས་སུ་བུད། ཁ་ཆེན་པོ་དེ་ཆེས་ཆེར་གདངས་ནས།

  “པེ་ཅིན་གསེར་གྱི་རི་ནས།

  འོད་ཟེར་ཕྱོགས་བཞིར་འཕྲོས་སོང་།

  མའོ་ཀྲུའུ་ཞི་མཆོག་ནི།

  གསེར་གྱི་ཉི་མ་འདྲ་བྱུང་།

  དེ་འདྲའི་དྲོ་སྐྱིད། དེ་འདྲའི་བྱམས་བརྩེ།

  ང་ཚོ་ཞིང་བྲན་རྣམས་ཀྱི།

  སེམས་ལ་དྲོ་སྐྱིད་བསྐྱལ་བྱུང་།

  ང་ཚོས་གོམ་སྟབས་ཆེན་པོས།

  སྤྱི་ཚོགས་རིང་ལུགས་བདེ་སྐྱིད་ལམ་དུ་སྐྱོད།

  པ་ཀྲ་ཧེ།”

  ཞེས་བླངས་པར་མང་པོས་ཐལ་མོ་བརྡབས།

  གསང་བདག་གིས་མིག་ཟུང་བཙུམས་ནའང་མིག་ལམ་ན་སོ་རྫུན་ཅན་གྱི་མཐུག་ཅིང་ཆེ་བའི་ཁ་དེ་འགུལ་གྱིན་འདུག་ལ། རྣ་ཁུང་གཉིས་ཀ་མཛུབ་མོས་བཅད་ནའང་རྣ་ལམ་དུ“ད་ལོར་རྫོང་རེ་ནས་མི་བཅུ་རེ་འཛིན་དགོས།”ཞེས་བར་མེད་དུ་གྲགས་བཞིན་འདུག ཀླད་པའི་ནང་ན“ཆེས་མཐའ་མཇུག་གི་ཆེས་ཆེ་བ།”སོགས་རེ་རེ་བཞིན་འཁོར་སྐྱོད་བྱེད་ཀྱིན་འདུག ཁོ་སྒེར་གཞུང་གཉིས་ཀྱི་གསོལ་སྟོན་ཆེ་ཆུང་གྲངས་མེད་དུ་ཞུགས་མྱོང་ནའང་འདི་འདྲའི་ཚར་རྒྱུ་མེད་ལ་སྙིང་བོ་མེད་པ། སུན་སྣང་སྐྱེ་བའི་གསོལ་སྟོན་ཞིག་ལ་ཞུགས་མ་མྱོང་། ཏག་ཏག་སྐབས་འདིར་སོ་རྫུན་ཅན་གྱི་མཐུག་ཅིང་ཆེ་བའི་ཁ་དེ་གློ་བུར་དུ་ཆེས་ཆེར་གདངས་ནས་སྐར་ཆ་ལྔ་ཙམ་རིང་གྲགས་འགུལ་མེད་པར་བསྡད་རྗེས་གཞི་ནས“ཨ——ཐེའོ——”ཞེས་སྣ་སྦྲིད་ཡིད་ཚིམས་པ་ཞིག་བརྒྱབ་པ་དང་མཉམ་དུ་སོ་ཕྲེང་རྫུན་མ་དེ་སྦལ་བ་ཞིག་གད་ཁ་ནས་ཆུ་ནང་ལ་ལྡིང་བ་བཞིན། ཅལ་སྒྲ་ཞིག་དང་མཉམ་དུ་ཏག་ཏག་གསང་བདག་གི་ཇ་ཕོར་ནང་ལ་ལྷུང་སྟེ་ཇ་སྤུས་ངན་ནམ་རྫུན་མ་དེའི་ཟེགས་མ་མདུན་གྱི་ཟས་ཆང་དང་མི་རྣམས་ཀྱི་གདོང་ལ་གཏོར།

                        2026ལོའི་《སྦྲང་ཆར》དེབ་གསུམ་པ་ལས་བདམས།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། 《སྦྲང་ཆར》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གསར་པ། 《ཆེས་མཐའ་མཇུག་གི་ཆེས་ཆེ་བ།》

2026-11-15 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།