གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《བརྩམས་སྒྲུང་གི་སྐད་ཆའི་སྐོར་གྱི་ཚིག་གསུམ།

  • ཨོ་རྒྱན་ཚེ་རིང་།ip:217.197.14.*
    2024-04-08 17:12:34
    བརྩམས་སྒྲུང་གི་སྐད་ཆའི་སྒྱུ་རྩལ་གྱི་ཐད་ནས་རྩོམ་མཁན་ཚེ་རིང་དོན་གྲུབ་ལགས་དང་ངེད་གཉིས་བར་ཁ་བརྡ་ཐེངས་འགར་བྱུང་མྱོང་ཡོད། རྩོམ་མཁན་ལགས་ནི་རྩོམ་སྐད་ལ་དོ་སྣང་ཤིན་ཏུ་ཆེ་བ་ཞིག་ལགས་ཤིང་། ཁོང་གི་རྩོམ་རྩལ་དང་གྲུབ་འབྲས་ཀྱི་ཆ་ནས་ཕྲན་ལྟ་བུ་ཞིག་གིས་སྐད་ཆ་རེ་བཤད་ན་འོས་འཚམ་མིན་མོད། འོན་ཀྱང་ངས་འདིར་ཀུན་གྱི་མཐོང་སར་བློ་ཆུང་གི་གཏམ་ཅུང་ཙམ་བཤད་འདོད། རྒྱུ་མཚན་ནི་ངས་ཀྱང་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་ལ་ནུས་ཚོད་ཀྱིས་དོ་སྣང་བྱེད་ཀྱིན་ཡོད། དེ་བཞིན་དུ་གནད་དོན་ཁ་ཤས་ཀྱང་མཐོང་གིན་ཡོད། ལྷག་ཏུ་སྒྲུང་གཏམ་གྱི་སྐད་ཆར་ཕྲན་བུས་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱིན་ཡོད་དེ། སྒྲུང་གཏམ་ནང་སྤྱིའི་ཆ་ནས་སྐད་ཆ་མི་འདྲ་བ་རིགས་གཉིས་ཡོད་པ་རེད། གཅིག་ནི་རྩོམ་མཁན་གྱི་ལྷུག་བརྗོད་དང་གཅིག་ཤོས་ནི་སྒྲུང་གཏམ་ནང་གི་མི་སྣའི་གཏམ་གླེང་ངམ་སྐད་ཆ་རེད། ང་ཚོའི་སྒྲུང་གཏམ་མང་པོའི་ནང་འདི་གཉིས་ལ་དབྱེ་བ་གསལ་བོ་ཞིག་མེད། མཚམས་རེར་དབྱེ་བ་ཁྱོན་ནས་མཐོང་མི་ཐུབ། ལན་རེར་བསྲེས་ནས་ཡོད་པའི་སྣང་ཚུལ་མང་། སྤྱིར་རྩོམ་མཁན་རང་གི་སྐད་ཆ་ནི་སྤྱི་སྐད་དམ་བོད་བྱིངས་ནས་གོ་ཐུབ་པ་ཞིག་ཡིན་དགོས་ཤིང་། དེ་ལ་ཚིག་གི་གྲུབ་ཆ་དང་སྒྲིག་གཞི། བརྡ་སྤྲོད། གཅིག་གྱུར་དུ་གོ་ཐུབ་པའི་ཐ་སྙད་བཅས་གཞུང་ལུགས་ཀྱི་འགྲོ་སྟངས་ཡོད་པའི་སྒོ་ནས་འགྲོ་དགོས་པ་ལས། སྤྱིར་བཏང་གི་ཁ་བརྡ་བཤད་བཤད་ཙམ་གྱིས་ཁྱོན་ནས་འགྲིག་གི་ཡོད་པ་མ་རེད། དེ་ནས། སྒྲུང་གཏམ་ནང་གི་མི་སྣའི་སྐད་ཆ་ཡིན་ན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བོད་པ་རྣམས་ཀྱིས་སྐད་ཆ་ཇི་ལྟར་བཤད་ཀྱིན་ཡོད་ན་དེ་ལྟར་ཡོང་དགོས་པར་འདོད། རྩོམ་རིག་ནི་འཚོ་བའི་མེ་ལོང་ཡིན་ཟེར་བ་ལྟར་མི་སྣ་སོ་སོ་ཡུལ་ལུང་གང་ནས་ཡིན་ན་དེའི་སྐད་ཆ་བཤད་སྟངས་བཞིན་བརྡ་དང་ཐ་སྙད་ཡོང་ན་ད་གཟོད་དགོས་མཁོ་ཆེ་ཞིག་སྐྲུན་གྱིན་ཡོད་པ་རེད། དེང་སང་རྩོམ་རིག་དཔྱད་བརྗོད་པར་ཁས་འཆེས་པ་སྐོར་ཞིག་གིས་ལུང་སྐད་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་མི་ལེགས། ལུང་སྐད་གང་དེ་བོད་སྐད་དངོས་ཡིན་སྟབས། དེས་རྩོམ་རིག་གི་སྐད་ཆའི་ནང་ནུས་པ་ཁྱད་པར་བ་ཐོན་ཐུབ་པ་མ་ཟད། སྐད་ཡིག་སྲུང་སྐྱོབ་ཀྱི་འགན་ནུས་ཀྱང་ཞོར་ནས་ཐོན་གྱིན་ཡོད་པ་རེད། ཕྱི་གླིང་གི་སྒྲུང་རབ་གྲགས་ཆེན་དེ་རིགས་ནང་ནའང་མི་སྣའི་སྐད་ཆར་རྩོམ་མཁན་རང་གིས་བཟོ་བཅོས་བྱས་ཡོད་པ་ཧ་ཅང་དཀོན། མི་སྣ་ཇི་འདྲ་ཞིག་ཡིན་ན་དེ་ལ་ཁོ་རང་གི་ངོས་ནས་སྐད་ཆ་ཞིག་ཡོད་པ་རེད། སྐད་ཆ་དེར་རྩོམ་མཁན་གྱིས་བཟོ་བཅོས་བྱས་ཚར་དུས། མ་གཞིའི་རྩོམ་གྱི་རང་བྱུང་གི་མཛེས་པ་ཤོར་འགྲོ་བ་རེད། འགུགས་ཤུགས་ཉམས་འགྲོ་བ་རེད། གལ་ཏེ་ལུང་སྐད་ནང་གི་ཐ་སྙད་ཁ་ཤས་བོད་ཀྱི་ཡུལ་ལུང་གཞན་ནས་ཡིན་པའི་ཀློག་མཁན་གྱིས་གོ་དཀའ་བ་ཞིག་རེད་བསམ་ན། དེ་ལ་ཞབས་མཆན་ཞིག་བཀོད་པས་འཐུས། དེ་ནི་སྤྱི་སྐད་ཆགས་ཐུབ་མི་ཐུབ་ཀྱི་བཀག་རྡོ་ཞིག་ཁྱོན་ནས་མ་ཡིན་པར། རྩོམ་རིག་གི་སྐད་ཆ་སྔར་ལས་ལྷག་པའི་སྒོ་ནས་ཇེ་ཕྱུག་ཏུ་གྱུར་ཏེ། སྐད་ཆའི་མཛོད་ཅིག་བསྐྲུན་པའི་ཐོན་ཁུངས་ཤིག་རེད། དོན་དག་གཅིག་བརྗོད་དུས་དེ་ལ་བརྡ་དང་ཐ་སྙད་ཀྱི་བཤད་སྟངས་དུ་མ་ཡོད་ན། དེ་ནི་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་ཤིག་ཏུ་འགྲོ་བ་མ་གཏོགས། ཁ་ཅིག་ཐལ་མཐར་ལྷུང་སྟེ་ལུང་སྐད་འགོག་གིན་ཡོད་པའི་རྒྱུ་མཚན་ཞིག་ཏུ་འགྲོ་མི་སྲིད། དེ་ནི་སེམས་ཁུར་ལྷག་མ་ཞིག་ཀྱང་རེད་སྙམ།

    ཞེས་ཕྱི་ལོ༢༠༢༤ལོའི་ཟླ་བཞི་པའི་ཚེས༨ཉིན་གུས་པ་ཨོ་རྒྱན་ཚེ་རིང་གིས་གུང་ཇའི་ཞོར་དུ་བྲིས།